ཙ་རིའི་བོད་རག་སྙོལ་སྟངས་ཀྱི་རྒྱུན་འཛིན་པ་ཕུན་ཚོགས་རྡོ་རྗེ།
འདི་ནི་ཙ་རིའི་བོད་རག་དང་ཙ་རིའི་རྒྱ་སེའི་ཨ་རག་ཡིན་པ།
འདི་ནི་ཕུན་ཚོགས་རྡོ་རྗེའི་བུ་མོ་ཚེ་རིང་མཁའ་འགྲོས་ཐད་གཏོང་བྱས་ནས་ཨ་རག་འཚོང་བཞིན་པ།
འདི་ནི་ཕུན་ཚོགས་རྡོ་རྗེས་ཙ་རིའི་བོད་རག་སྙོལ་བྱེད་ཀྱི་ལྷུན་རྩེའི་ནས་ནག་ངོ་སྤྲོད་བྱེད་བཞིན་པ།
རྒྱལ་ལམ་219བརྒྱུད་ནས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཙ་རི་ཤང་གི་ཁོངས་སུ་སླེབས་སྐབས་རི་ཀླུང་སྔོ་ཐིང་ངེར་ཆགས་ཤིང་། རི་རྩེ་སྨུག་པས་གཡོགས་ནས་སུམ་རྩེན་གནས་དང་གཉིས་སུ་མ་མཆིས། ས་ཆ་དེར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཏེ། “ཙ་རིའི་བོད་རག་སྙོལ་སྟངས”རྒྱུན་འཛིན་བྱས་ནས་སྐྱེ་སྟོབས་གསར་པ་འཕེལ།
ནས་ནག་སྒྱེ་མོ་མང་པོ་དབོར་ནས་བོད་རག་བསྙལ་རྗེས་བོད་རག་སྒམ་མང་པོ་རི་གྲོང་གི་ཕྱི་རོལ་དུ་བྲིན་ཁ་རྒྱུག་ལ། བོད་རག་གི་དྲི་ཞིམ་ཕྱོགས་བཅུར་འཐུལ་བ་དང་བསྟུན་ནས་རི་ཀླུང་གང་སར་དགའ་སྐྱིད་འཚོ་བའི་གླུ་སྒྲ་སྙན།
མེས་པོའི་ལག་རྩལ་རྒྱུན་འཛིན།
མཛེས་སྡུག་ཡིད་དུ་འོང་བའི་ཙ་རི་ཤང་དུ་གསར་འགོད་པ་དང་བཅས་པ་ཕུན་ཚོགས་རྡོ་རྗེ་ལ་འཕྲད། ཁོང་ནི་ཙ་རིའི་བོད་རག་སྙོལ་བའི་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་ཡིན། ཁོང་1981ལོར་སྐྱེས་པ་དང་ཤ་རྩི་ནག་པའི་ངོ་གདོང་ནས་ཐོག་མཐའ་བར་གསུམ་དུ་བརྩེ་བའི་འཛུམ་མདངས་འཕྱུར་བཞིན་ང་ཚོ་ཨ་རག་བཟོ་གྲྭར་ལྟ་སྐོར་དུ་འཁྲིད།
ཨ་རག་བཟོ་གྲྭར་མ་སླེབས་གོང་ནས་ཙ་རིའི་བོད་རག་གི་དྲི་ཞིམ་ལྷང་ལྷང་དུ་འཐུལ། ཨ་རག་བཟོ་གྲྭར་སླེབས་སྐབས། གསར་འགོད་པས་ཨ་རག་སྙོལ་ཁང་དང་། རླངས་སྒྱུར་དྭངས་འབྱེད་ཁང་། ས་དོང་དུ་འཇོག་ཁང་། ཐུམ་སྒྲིལ་འཁོར་ཁང་སོགས་གང་དགོས་ཆ་ཚང་འཛོམས་པ་མཐོང་བྱུང་ལ། སྤུས་ཀ་དག་པའི་ནས་ནག་སྒྱེ་མོ་མང་པོ་མཛོད་ཁང་ནང་གྲལ་འགྲིག་པོས་སྤུངས་ཤིང་། བཟོ་པ་ཚོས་གོ་རིམ་ལྡན་པའི་སྒོ་ནས་ནས་ནག་དེ་དག་འདེམས་་སྒྲུག་རྒྱག་བཞིན་འདུག
ཕུན་ཚོགས་རྡོ་རྗེས། 2013ལོར་ཁོ་པས་སྣེ་ཁྲིད་དེ་ལྷུན་རྩེ་རྫོང་ཙ་རི་ཤང་གི་ཁྱད་ལྡན་ཐོན་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པ་དང་། གནའ་བོའི་བཟོ་རྩལ་བེད་སྤྱད་དེ་ཙ་རིའི་བོད་རག་བསྙལ་ནས་ཕྱིར་བཙོངས་པ་ཡིན་ཞེས་ངོ་སྤྲོད་བྱས།
“མི་ལ་རྒྱན་དང་རྟ་ལ་སྒ་དགོས་པ་ལྟར། ཨ་རག་ཀྱང་སྤུས་ཀ་ལེགས་ལ་ཐུམ་སྒྲིལ་ཡག་དགོས”དེང་རབས་ཀྱི་ཚོང་ལས་ཁོར་ཡུག་ཁྲོད། ཕུན་ཚོགས་རྡོ་རྗེས་དང་ཐོག་ངེས་པར་དུ་ཙ་རིའི་བོད་རག་གཞན་ལ་ཤེས་སུ་འཇུག་དགོས་སྙམ། ཁོང་གིས་ཨ་རག་གི་ཤེལ་དམ་དང་ཐུམ་སྒྲིལ་སྒམ་ཆུང་འཆར་འགོད་བྱེད་པ་ནས་འགོ་བརྩམས་ཏེ་དཀའ་ཚེགས་ཆེ་བའི་ལས་གཏོད་ལམ་བུར་བཞུད།
དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པས། ཙ་རིའི་བོད་རག་གི་མིང་གྲགས་ཉིན་རེ་ལས་མ་འདས་པར་ཇེ་ཆེར་ཕྱིན་ཏེ་ཙ་རི་ཤང་གི“གསེར་གྱི་མིང་བྱང”ལྟ་བུར་གྱུར་ཞིང་། རྒྱ་ཆེའི་འཛད་སྤྱོད་པས“ཙ་རིའི་མའོ་ཐའེ་ཨ་རག”ཅེས་འབོད་ཀྱི་ཡོད་པ་རེད།
ཏང་ཡོན་གྱི་བབ་ཆགས་དང་ལྷག་བསམ།
ཙ་རི་ཤང་དུ་བསྡད་ནས་བཅར་འདྲི་བྱེད་པའི་ཉིན་ཁ་ཤས་ནང་གསར་འགོད་པར་དོ་སྣང་བྱུང་བར། ཁོང་གིས་རྟག་ཏུ་ཚོས་ལོག་པའི་ཉིའུ་ཙའེ་གོས་ཐུང་དང་ཅཱ་ཁེ་སྟོད་ཐུང་ཞིག་གྱོན་ཞིང་། ལུས་ཡོངས་སུ་རྒྱན་ཆ་གང་ཡང་བཏགས་མེད། བབ་ཆགས་པའི་ཁོང་ནི་མཐའ་མཚམས་སུ་རྩ་བ་ཚུགས་པའི་ལྷུན་རྩེའི་ནས་ནག་དང་འདྲ། ལས་ལ་བྲེལ་བའི་ཁོང་ནི་རི་ཀླུང་ཀུན་ཏུ་མེ་ཏོག་གི་ཟིལ་མངར་འཐུ་ལ་བརྩོན་པའི་སྦྲང་ནོར་བུ་ཞིག་དང་འདྲ།
ཕུན་ཚོགས་རྡོ་རྗེ་རྣམ་ཀུན་ཟས་གོས་ལ་གྲོན་ཆུང་ཆེ་ཡང་དབུལ་སྐྱོར་ཉེན་སྐྱོབ་ལ་གཏོང་ཕོད་ཤིན་ཏུ་ཆེ། རཌ་རྩིས་ལྟར་ན། 2018ལོའི་ཚུན་དུ་ཁོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་འཚམས་འདྲི་བྱས་པའི་དངོས་ཟོག་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད་པ་རེད།
ཁོང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་9ལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་པ་དང་། མི་སྤྱི་ཅུས་དང་མཉམ་ལས་བྱས་ནས་སློབ་མ་20ལྷག་ཙམ་གསོ་སྦྱོང་བྱས་ཞིང་། མི་4མཉམ་ལས་ཁང་དུ་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་དང་འབྲེལ། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ཐུབ་པར་བྱས་ཏེ་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་ཕུལ་བ་རེད།
ཕ་དང་བུ་མོའི་བརྩེ་བ་ཟབ་མོ།
“རྒྱུན་འཛིན་བྱས་ཀྱང་རྙིང་པ་མཁྲེགས་འཛིན་མི་བྱེད་ལ། གསར་གཏོད་བྱས་ཀྱང་རྩ་བ་ནམ་ཡང་བརྗེད་མི་རུང་། ཆང་སྙོལ་བ་ནི་མི་ཚུལ་ལྡན་ཞིག་བྱེད་པ་དང་མཚུངས་ཤིང་། བློ་ཁོག་ཇི་ཙམ་ཆེ་ན་གར་སྟེགས་དེ་ཙམ་ཆེ། འོན་ཀྱང་དོན་དངོས་དང་མཐུན་པར་བྱས་ཚེ་གཞི་ནས་དེ་བས་བརྟན་པོ་དང་མཐའ་འཁྱོལ་ཐུབ”ཕུན་ཚོགས་རྡོ་རྗེས། ལག་རྩལ་རྒྱུན་འཛིན་དང་། ཆང་རག་སྙོལ་བཟོ། ཕྱོགས་གཅིག་གི་ཡུལ་མི་ཕྱུག་འགྱུར་བཅས་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ངའི་སེམས་ནང“བོད་ཀྱི་མའོ་ཐའེ”སྙོལ་བཟོ་ཐུབ་པའི་མཐར་ཐུག་གི་ཕུགས་འདུན་ཞིག་ཡོད་ཅེས་བཤད།
ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་བཅངས་ནས་ཕུན་ཚོགས་རྡོ་རྗེས་ཁོང་གི“ལས་གཏོད་ཐེངས་གཉིས་པ”བྱེད་འགོ་བཙུགས་ཤིང་། ཐོན་སྐྱེད་ནུས་ཤུགས་གསར་མ་དར་སྤེལ་ཧུར་ཐག་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས་ཐད་རྩེ་གཅིག་ཏུ་གཞོལ།
ཕུན་ཚོགས་རྡོ་རྗེའི་ངོས་ནས་བརྗོད་ན་དགའ་འོས་པ་ཞིག་ནི་ད་ཆ་བུ་མོ་ཚེ་རིང་མཁའ་འགྲོ་ཡང་ཁོང་གི་དགེ་ཕྲུག་ཏུ་གྱུར་པ་དེ་རེད།
ཉིན་ཤས་གོང་དུ་ཚེ་རིང་མཁའ་འགྲོས་ཁྱིམ་གྱི“ཙ་རིའི་ཁྱད་ལྡན་ཐོན་ཟོག་ཚོང་ཁང”དུ་ཆེད་མངགས་ཁང་པ་ཞིག་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། དྲ་རྒྱ་བརྒྱུད་ཚོད་ལྟའི་སྒོ་ནས་ཐད་གཏོང་ཟོག་ཚོང་བྱེད་འགོ་བཙུགས།
བུ་མོས་བློ་རྩེ་གཅིག་སྒྲིམ་གྱིས་ཐད་གཏོང་ཟོག་ཚོང་ལས་ལ་བརྩོན་པར་ལྟ་བཞིན་ཕུན་ཚོགས་རྡོ་རྗེས། བུ་མོ་སློབ་ཆེན་ཐོན་ནས་ལོ་གཉིས་ཙམ་ལས་སོང་མེད་ཀྱང་སྔར་བས་ཧ་གོ་དོན་རྟོགས་དང་སེམས་རྩ་འཁོལ་ཏུ་ཕྱིན་འདུག་ཅེས་བཤད།
གསར་འགོད་པར་བུ་མོའི་སྐོར་གླེང་སྐབས། ཕུན་ཚོགས་རྡོ་རྗེའི་མིག་ནང་མཆི་ཞག་འཁོར་བཞིན“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་བོད་རག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ལག་རྩལ་གྱི་ལས་ཀ་དང་ཚོང་ལས་ཤིག་ཡིན་པ་མ་ཟད། ངལ་རྩོལ་གྱི་ལས་ཀ་ཞིག་དེ་བས་ཀྱང་ཡིན་པས། ལས་ཀ་ལེགས་པར་སྒྲུབ་བསམས་ན་དཀའ་ངལ་བགྲང་གིས་མི་ལང་བ་ཞིག་མྱོང་དགོས་པ་ནི་སྨྲ་མེད་རེད། རང་ཉིད་ལ་དཀའ་ཁག་ཇི་ཙམ་འཕྲད་རུང་བློ་ཕམ་མི་འདུག ཡིན་ནའང་བུ་མོས་དཀའ་སྡུག་དེ་དག་མྱོང་དགོས་ཚེ། ཇི་ལྟར་བཤད་ཀྱང་སེམས་ཀྱིས་བཟོད་དཀའ་བར་འདུག”ཅེས་བཤད།
འཁྲིས་སུ་ཡོད་པའི་བུ་མོས་ཕའི་སྐད་ཆ་དག་ཐོས་མ་ཐག་པ་ཕར་དམ་པོར་འཐམས།