དྲིན་ཨ་ཕ་རྒྱབ་རི་སྨུག་པོ་རེད།
དྲིན་ཆེན་ཕ་ལོའི་ཞལ་རས། །
རྒྱབ་རི་སྨུག་པོ་འདྲ་བྱུང་། །
བཞིན་ལ་འཛུམ་མདངས་མེད་ཀྱང་། །
ཕ་ཁྱིམ་བཙན་པོར་བསྲུངས་ཡོད། །
དྲིན་ཆེན་ཨ་ཕའི་ཡིད་ངོར། །
འཇའ་འོད་འཁྲིག་རྒྱུ་མེད་ཀྱང་། །
དཔྲལ་བའི་གཉེར་རིས་རེ་རེར།
ཁྱིམ་གྱི་དཀའ་སྡུག་སིམ་ཡོད། །
དྲིན་ཆེན་ཨ་ཕའི་ཞལ་ནས། །
སྙན་པའི་གསུང་སྐད་མེད་ཀྱང་། །
དཀའ་སྡུག་འཕྲང་ལམ་རིང་མོར། །
ངལ་ན་ལྷོད་ཀྱིས་བསྙེས་ཆོག །
ཨ་ཕ་བཀའ་དྲིན་ཅན་པོ། །
བུ་ངའི་རྒྱབ་རི་སྨུག་པོ། །
ཉི་འོད་འཕྲོ་རྒྱུ་མེད་ཀྱང་། །
དྲོད་ཁོལ་གཞན་ལས་ལྷག་པ། །
རྒྱབ་རི་ཡམ་ཡོམ་མ་གནང་། །
བརྟན་དུ་ལྷིང་ངེར་བཞུགས་རོགས། །
བུ་ངའི་མདུན་སྐྱོད་འཁར་བ། །
རྒྱབ་རིའི་གཞུང་ལ་བཙུགས་ཡོད། །
ཨ་ཕར་བར་ཆད་མེད་ན། །
རྒྱབ་རི་སྔར་ལས་བརྟན་པ། །
ཁྱིམ་གཞིས་དྲོན་མོའི་མཁར་རྫོང་། །
རྒྱབ་རི་ལས་ཀྱང་མཐོ་བ། །