དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མའི་རང་གཤིས་སྲོང་པོར་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཀོན་མཆོག་ཚེ་རིང་།   |     སྤེལ་དུས།  2024-09-08

    ཀ་ཤིའི་རས་ལྟར་རབ་དཀར་ཐུགས་སེམས་ལྡན། །

    ཁ་ཞེ་གཉིས་མེད་ཡོད་ཚད་ཕྲུ་གུར་སྦྱིན། །

    གར་སོང་མིག་གིས་སྲུང་མཁན་དྲིན་ཆེན་མ། །

    ང་ཡི་ཨ་མ་བུ་ཡི་རྒྱབ་རྟེན་དངོས། །


    ཅ་ཅོ་མི་སྒྲོག་དཀའ་སྡུག་ཁུར་བཟོད་ཅིང་། །

    ཆ་ལུགས་དང་དོད་མེད་པར་བབ་ཆགས་ཅན། །

    ཇ་ཆང་འདོད་རྒུར་མ་གཡེང་ལས་ལ་བྲེལ། །

    ཉ་གང་ཟླ་ལ་འགྲན་ཕོད་ཞལ་ངོ་ལྡན། །


    ཏ་ཟིག་ལ་སོགས་རྒྱལ་ཁམས་འགྲིམ་མྱོང་མེད། །

    ཐ་ཤལ་བྱ་སྤྱོད་སྤངས་ནས་མིག་དཔེ་སྟོན། །

    ད་ལྟ་ལོ་རྒས་སྐྲ་དཀར་གཉེར་མ་མང་། །

    ན་སོ་མི་སྡོད་རི་གཟར་རྦབ་རྡོར་འགྲན། །


    པ་ལོ་དུང་ལྟར་དཀར་ལ་ལུས་པོ་གུག །

    ཕ་བུ་ཚང་མར་བྱམས་པའི་སེམས་ལྡན་ལ། །

    བ་ཕྱུགས་སྒོ་ཟོག་རྣམས་ལ་བྱམས་སྐྱོང་མཁས། །

    མ་ཡི་དྲིན་དག་དྲན་ན་མཆི་མ་འཐོར། །


    ཙ་རིའི་སྨྱུག་མར་འགྲན་ཕོད་ལུས་དང་གཅིག །

    ཚ་གྲང་ཁྱད་དུ་བསད་ནུས་བློ་སྟོབས་གཉིས། །

    ཛ་གླང་སྤྱོད་པ་འདུལ་མཁས་ཐབས་དང་གསུམ། །

    ཝ་ལེར་བསམ་ཚེ་ཡོད་ཚད་ཨ་མའི་དྲིན། །


    ཞ་ལན་ལ་སོགས་བཟོ་བའི་རྩལ་དང་གཅིག །

    ཟ་མ་བཅུད་ལྡན་བཟོ་ཤེས་འཇོན་ཐང་གཉིས། །

    འ་ཅག་བུ་ཕྲུག་སྐྱོང་མཁས་ཐབས་དང་གསུམ། །

    ཡ་མཚན་འཕྲུལ་དང་ལྡན་པའི་དྲིན་ཅན་མ། །


    ར་རིའི་དྲི་དང་བྲལ་བའི་གཞུང་དྲང་དེ། །

    ལ་ཀླུང་མང་པོར་སྙན་གྲགས་མ་ཆོད་ཀྱང་། །

    ཤ་ཚ་སྙིང་ནས་འཆང་མཁན་དྲིན་ཆེན་མ། །

    ས་ཕྱོགས་གང་སར་བཙལ་ཡང་རྙེད་ནུས་མིན། །


    ཧ་ཅང་སྙན་པའི་ཚིག་སྦྱོར་མི་མངའ་ཡང་། །

    ཨ་མས་བུ་ལ་བཅངས་པའི་བརྩེ་བ་དག །

    ཧ་ཅང་ཞིབ་མོའི་བློ་ཡིས་དཔྱད་ཁུལ་ཙམ། །

    ཨ་ཙི་ཐུགས་དང་འགལ་ན་དགོངས་སུ་གསོལ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།