དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • དམངས་གླུའིི་གཞས་ཚིག་ཁྲོད་ཀྱི་སྒྲ་རྒྱན་སྐོར་གླེང་བ།

    ——ཆབ་མདོའི་དམངས་གླུ་དཔེར་དྲངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-06

    དམངས་ཁྲོད་ཀྱི་གཞས་ཚིག་མང་པོར་བོད་ཀྱི་སྙན་ངག་གི་རྒྱན་དུ་མ་སྤྱད་ཡོད་ཅིང་། དེ་ལས་བོད་ཀྱི་ལོ་རྒྱུས་དང་། མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་གོམས་གཤིས་ལུགས་སོགས་ཚུར་སྣང་བྱས་ཡོད། གཞས་ཚིག་དེ་དག་གི་ཁྲོད་དུ་སྒྲ་རྒྱན་སོགས་སྙན་ངག་གི་རྒྱན་མང་པོ་སྤྱད་ཡོད་པས། འདིར་ཆབ་མདོའི་དམངས་གླུའི་གཞས་ཚིག་ཁྲོད་སྤྱད་པའི་སྒྲ་རྒྱན་སྙན་གཞུང་དང་མཐུན་དང་མི་མཐུན་ཕྱོགས་གཉིས་ནས་བོད་སྤྱིའི་དམངས་གླུའི་སྒྲ་རྒྱན་དང་ཆབ་མདོ་དམངས་གླུའི་ཡུལ་སྐད་ལ་བསྟུན་པའི་དམིགས་བསལ་གྱི་སྒྲ་རྒྱན་སྐོར་གླེང་བར་བྱའོ།

    དང་པོ། སྒྲ་རྒྱན་གྱི་ངོ་བོ་སྤྱིར་བཤད་པ།

    “མི་ཡག་པ་གོས་ཀྱིས་བརྒྱན། རྟ་ཡག་པ་སྒ་ཡིས་བརྒྱན ”ཟེར་བའི་ཁ་དཔེ་ལྟར། སྙན་རྩོམ་འབྲི་བར་རྒྱན་གྱིས་སྤུད་དགོས། བོད་ཀྱི་དམངས་གླུའི་གཞས་ཚིག་ཁྲོད《སྙན་ངག་མེ་ལོང》གི་གཞུང་དང་མཐུན་པའི་རྒྱན་མང་པོ་ཡོད་དེ་དཔེར་ན། ལེའུ་གཉིས་པའི་སྐབས་ཀྱི་དཔེ་རྒྱན་དང་། གཟུགས་རྒྱན། འགོག་རྒྱན། རབ་རྟོག་གི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཉམས་ལྡན་གྱི་རྒྱན་སོགས་གོ་སླ་ཞིང་སྦྱོར་བདེ་བ་དང་། སྦྱོར་ཡུལ་རྒྱ་ཆེ་བ། སྦྱར་བ་ཙམ་གྱིས་ཉམས་རང་བཞིན་གྱིས་ཐོན་པ་མང་པོ་ཡོད་ཀྱང་། སྐབས་སུ་བབས་པར་ལེའུ་གསུམ་པའི་སྒྲ་རྒྱན་གྱི་སྐོར་བརྗོད་པར་བྱ།

    སྒྲ་རྒྱན་ཞེས་པ་ནི་སྒྲ་དོན་གཉིས་ལས་གཙོ་བོར་རྗོད་བྱེད་ཚིག་གམ་སྒྲ་སྦྱོར་ཚུལ་གྱི་ཉམས་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚིག་མཛེས་པར་བྱེད་ཅིང་སྙན་ཞིང་འཇེབས་པའི་སྒྲའི་རོ་ཉམས་ཕུན་སུམ་ཚོགས་པའི་ཚིག་སྦྱོར་གྱི་ངག་ལ་བརྗོད་ཅིང་། དེ་བརྗོད་བྱའི་དོན་གྱི་ཉམས་འདོན་པའི་དགོས་མཁོ་དང་བསྟུན་ནས་ལེགས་པར་བརྒྱན་ན་དོན་གྱི་སྙན་ཆ་དང་དབྱངས་ཀྱི་སྙན་ཆ་སྟེ། དོན་གྱི་ཉམས་དང་སྒྲའི་ཉམས་གཉིས་ལྡན་གྱི་སྙན་རྩོམ་ལེགས་པོ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མི་དགོས་སོ།

    གཉིས་པ། སྤྱིར་སྒྲ་རྒྱན་དང་མཐུན་པའི་ཆབ་མདོའི་དམངས་གླུའི་འགྲོས།

    སྤྱིར་ཆབ་མདོའི་དམངས་གླུ་ལ་སྙན་ངག་གི་གཞུང་དང་མཐུན་པའི་རྒྱན་འཇོག་ཏུ་ཡོད་ཀྱང་དེ་ནི《སྙན་ངག་མེ་ལོང》གི་གཞུང་དར་ནས་ཤུགས་རྐྱེན་ཐེབས་ཡོད་མེད་སྐོར་ལ་མཐའ་གཅིག་ཏུ་ཤོད་དཀའ་སྟེ། 《ཏུན་ཧོང་གཏེར་ཡིག》ལས། “ཆབ་ཆབ་ཎི་ཕ་རོལ་ན། །ཡར་ཆབ་ཎི་ཕ་རོལ་ན། །”ཞེས་པའི་བཙན་པོའི་དུས་ཀྱི་མགུར་གླུ་ཚིགས་སུ་བཅད་པ་འདི་རིགས་ནི《སྙན་ངག་མེ་ལོང》གི་གཞུང་བོད་དུ་མ་བསྒྱུར་གོང་གི་ལོ་བརྒྱ་ཕྲག་མང་པོའི་སྔོན་གྱི་བརྩམས་ཆོས་ཤིག་ཡིན་པས། 《སྙན་ངག་མེ་ལོང》གི་ཤན་ཞུགས་མེད་པ་མཁས་པ་ཀུན་གྱི་བཞེད་པ་གཅིག་མཐུན་རེད། ཡང་དམངས་གླུའི་ཁྲོད《སྙན་ངག་མེ་ལོང》གི་ཤན་ཞུགས་མེད་ཟེར་ན་མི་མཐུན་ཏེ། 《སྙན་ངག་མེ་ལོང》དར་ནས་དམངས་གླུ་དེ་བས་ཕུན་སུམ་ཚོགས་སུ་དང་གཡང་རྩེའི་སྒང་ལ་ཡས་སྒྲོན་ལྟ་བུ་ཞིག་བྱུང་ཡོད།

    གཤམ་དུ་གུས་མོས་བསྡུས་པའི་ཆབ་མདོའི་དམངས་གླུའི་ཁྲོད་《སྙན་ངག་མེ་ལོང》ལས་དངོས་སུ་བསྟན་པའི་སྒྲ་རྒྱན་གྱི་རྩོམ་སྲོལ་དང་མཚུངས་པའི་དཔེ་དྲངས་ན།

    བར་ཆོད་ཅིང་མ་ཆོད་པའི་བྱ་སླ་བ་ཐོག་མའི་ཟུང་ལྡན་གྱི་རྒྱན་ལ། དཀར་དཀར་དཀར་ལ་བལྟ་རྒྱུ་མེད། སྒང་ལ་ཁའི་སྤྱང་རྟུག་དཀར་དཀར་རེད། དམར་དམར་དམར་ལ་བལྟ་རྒྱུ་མེད། སྒང་ལ་ཁའི་དར་ལྕོག་དམར་དམར་རེད་ལྟ་བུ་དང་། བར་ཆོད་པ་རྐང་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན་གྱི་རྒྱན་ལ། དགའ་ཞིང་སྐྱིད་ཅིང་འགྲོ་མི་ཚོ། དགའ་ཡུན་སྐྱིད་ཡུན་རིང་བར་ཤོག དགའ་ཞིང་ཤོག་དང་སྒུག་ཅིང་འགྲོ དགའ་སྐྱིད་ལ་མོ་རྒྱག་པར་ཤོག་ལྟ་བུའོ།

    ཆོད་ཅིང་མ་ཆོད་པའི་དཔེར། ཐར་ཐར་རེད་ཀོ་ཐར་ཐར་རེད། གནམ་ཨ་སྔོན་སྐར་མ་ཐར་ཐར་རེད། རུབ་རུབ་རེད་ཀོ་རུབ་རུབ་རེད། ཤར་སྨིན་དྲུག་ཁྲ་མོ་རུབ་རུབ་རེད། ཐར་ཐར་རེད་ཀོ་ཐར་ཐར་རེད། སྡེ་བརྒྱ་གྲོང་རྩེད་ར་ཐར་ཐར་རེད། རུབ་རུབ་རེད་ཀོ་རུབ་རུབ་རེད། རོགས་དགའ་མོ་ངེད་གཉིས་རུབ་རུབ་རེད་ཅེས་པ་ལྟ་བུའོ། མཐའ་ཐོག་ཟུང་ལྡན་གྱི་དཔེར། རྒོད་ཐང་དཀར་ཐང་སྨུག་ཐང་སེར་གསུམ། འཛོམས་མ་མྱོང་ཨ་སྔོན་གནམ་ལ་འཛོམས། འཛོམས་ཚར་ནས་ནམ་འཕང་ཆོད་པར་ཤོག་ཅེས་པ་ལྟ་བུ།

    གོང་དུ་དྲངས་པའི་དཔེ་འདི་དག་ལས་ང་ཚོས་དམངས་གླུ་ནི་བོད་སྐད་གཉུག་མ་ལས་གྲུབ་པའི་སྒྲ་རྒྱན་གྱི་སྡེབ་སྦྱོར་བྱེད་ཐབས་རྒྱུན་འཛིན་དང་། 《སྙན་ངག་མེ་ལོང》གི་གཞུང་ནང་བསྟན་པའི་སྒྲ་རྒྱན་གྱི་སྡེབ་སྦྱོར་སྣ་ཚོགས་སྤེལ་ཚུལ་དང་ཆ་མཐུན་པས་སྙན་ངག་གི་སྒྱུ་རྩལ་ཚད་མཐོ་པོ་ཞིག་ལ་སླེབས་པ་མཚོན་ཡོད།

    གསུམ་པ། ཆབ་མདོའི་དམངས་གླུའི་ཐུན་མོང་མ་ཡིན་པའི་སྒྲ་རྒྱན་གྱི་འགྲོས།

    དམངས་གླུ་དེ་སྙན་ངག་རྩོམ་རིག་ཏུ་གཏོགས་ཤིང་། སྲོལ་རྒྱུན་གྱི《སྙན་ངག་མེ་ལོང》གི་རིགས་པའི་གཞུང་ལུགས་དང་བསྟུན་ན་སྐད་ཆའི་འགྲོས་དང་རྒྱན་སྦྱོར་སྟངས་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན། གུས་མོས་བསྡུས་པའི་ཆབ་མདོའི་དམངས་གླུར《སྙན་ངག་མེ་ལོང》དང་མི་འདྲ་བའི་བོད་རང་གི་དམངས་གླུའི་ཁྱད་ཆོས་ལྡན་པ་དང་། ཆབ་མདོ་བ་རང་གི་སྐད་ཀྱི་འགྲོས་དང་ཆབ་མདོ་བའི་བསམ་བློའི་འཁྱེར་སོ་མངོན་པ་ཞིག་ཡིན། “མི་རིགས་སྒྱུ་རྩལ་ཞིང་ས་མི་བརྟེན་པའི། །གསར་ཐོན་ལྷ་རྫས་ནམ་མཁའི་མེ་ཏོག་དེ། །རྟོག་བཟོས་ཚོན་མདངས་འཇའ་དང་བཀྲ་ན་ཡང་། །དྲི་ངད་རི་སྐྱེས་ལི་ཤིའི་དོ་ཟླ་མིན། །”ཞེས་པ་ལྟར། བོད་རང་གི་གཉུག་མའི་སྐད་ལས་གྲུབ་ཅིང་མཛེས་དཔྱོད་ཀྱི་ལྟ་གོམས་དང་མཐུན་པའི་སྒྲ་རྒྱན་དེ་རིགས་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཆེད་སྤྱོད་ཐ་སྙད་ལྟ་བུར་གྱུར་ཞིང་། སྒྲ་རྒྱན་སྤྱད་ན་དབྱངས་སུ་འགུགས་བདེ་བ་དང་། ངག་ལ་འཛིན་བདེ་བ། གཞན་གྱིས་གོ་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན།

    ཁྱད་ཆོས་བརྗོད་པའི་མིང་དང་བྱ་ཚིག་གང་རུང་གི་མཐར་སྒྲ་གཟུགས་མཚུངས་པའི་ཡི་གེ་གཉིས་བཟླས་ཏེ་ཚིག་རྐང་སོ་སོའི་མཐར་སྦྱར་བ་དེས་བྱ་བའི་གཡོ་འགུལ་གྱི་རྣམ་པ་མྱུར་ཞིང་བར་མཚམས་མེད་པའི་སྐད་ཆའི་གཟུགས་བརྙན་ཞིག་བསྐྲུན་པ་སྟེ། དཔེར་ན། བྲག་དཀར་རྫོང་འདི་ཡི་གཡས་ཟུར་ནས། །རྒོད་ཐང་དཀར་ལྡིང་སྐོར་གྱི་ལིང་ལིང་། །རྒོད་ཐང་དཀར་ལྡིང་སྐོར་མི་བྱེད་རྒྱུ། །ཡིད་སྐྱོ་ལེའི་རྒོད་ཕྲུག་བྲག་ལ་ལུས། །ཞེས་ལིང་ལིང་གིས་མྱུར་ཞིང་བར་མཚམས་མེད་པ་བསྟན། སྒྲ་དེ་བཟླས་བརྗོད་ཀྱིས་རྒོད་མོས་རང་གི་རྒོད་ཕྲུག་འཚོལ་བའི་ནང་སེམས་ཀྱི་འཚབ་འཚུབ་ཕྱིར་མངོན་པའི་ངང་ཚུལ་གསོན་ཉམས་དོད་པོས་མཚོན་ཡོད། སྒྲ་མཚུངས་ཀྱི་ཡི་གེའི་དབར་བར་བཅུག་གི་སྒྲ་བསྣན་ནས་ཚིག་རྐང་ཡོངས་རྫོགས་ཉམས་དང་ལྡན་པར་སྦྱོར་བ་དཔེར་ན། རི་ཡར་དེའུ་མར་དེའུ་བར་དེའུ་གསུམ། །རི་ཡར་དེའུ་མགོ་ལ་ཤ་ཕོ་འཛོམས། །ཤ་ཕོ་ཆེན་རྭ་བརྡར་ཁྲིགས་སེ་ཁྲིགས། །ཕ་ཁུ་བོ་འཛོམས་དང་ཁྱད་པར་མེད། །རི་ཡར་དེའུ་མེ་དེའུ་བར་དེའུ་གསུམ། །རི་མར་དེའུ་མགོ་ལ་ཡུ་མོ་འཛོམས། །ཤ་ཡུ་མོའི་རྣ་ཅོག་ཧྲུགས་སེ་ཧྲུགས། །མ་སྲུ་མོ་འཛོམས་དང་ཁྱད་པར་མེད། །རི་ཡར་དེའུ་མེ་དེའུ་བར་དེའུ་གསུམ། །རི་བར་དེའུ་མགོ་ལ་ཤེའུ་ཕྲུག་འཛོམས། །ཤེའུ་ཕྲུག་རྩེད་ར་འཁྲབ་སེ་འཁྲབ། །ཆུང་ཨ་ཐིག་འཛོམས་དང་ཁྱད་པར་མེད། །ཅེས་པ་ལྟ་བུས་མཚོན།

    སྒྲ་རྒྱན་འདི་རིགས་ཀྱིས་དལ་ཞིང་བར་མཚམས་ལྡན་པའི་སྒོ་ནས་ཤ་ཕོའི་རྭ་ཅོ་ཁྲིགས་ཁྲིགས་སུ་བརྡར་ཚུལ་དང་། ཡུ་མོའི་རྣ་ཅོག་ཧྲུགས་ཧྲུགས་སུ་གཡོ་ཚུལ། ཤེའུས་རྩེད་མོ་རྩེ་ཚུལ་སོགས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་ལ། ངག་ནས་གྱེར་སྐབས་དབྱངས་རྟ་ངེས་ཅན་མངའ་བས། སྒྱུ་རྩལ་དེ་རིགས་ནི་དམངས་ཁྲོད་ཀྱི་གཏམ་དཔེ་དང་། སྒྲུང་། ཤོ་བཤད་སོགས་དང་འདྲ་བར་ད་བར་མ་ཉམས་པར་གནས་ཡོད།

    ཡང་དཔེར་ན། རྒོད་ཐང་དཀར་ཐང་སྨུག་ཐང་སེར་གསུམ། །འཛོམས་མ་མྱོང་ཨ་སྔོན་གནམ་ལ་འཛོམས། །འཛོམས་ཚར་ནས་ནམ་འཕང་ཆོད་པར་ཤོག །ལྟ་བུ་ལས་བཟང་པོས་གྲོགས་ཁྱེད་རྣམས་དང་འཕྲད་པར་ཕྱིས་འབྱུང་ཕན་ཚུན་དབར་གྱི་བརྩེ་བར་བར་ཆད་མེད་པ་ཤོག་ཅེས་སྨོན་ལམ་བཏབ་པ་ཞིག་ཡིན། ཤོག་སྒྲ་དེས་སྨོན་ལམ་དང་། མ་འོངས་པའི་ཡིད་ཀྱི་སྨོན་འདུན་འགྲུབ་པའི་རེ་བ་དང་འདུན་པ་སོགས་མཚོན་པ་དང་། ཚིག་དེ་ནི་སྤྱོད་བདེ་ལ་དོན་རྒྱ་ཆེན་པོ་འདུས་པ་ཞིག་གོ །

    (བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་འཇམ་དབྱངས་སྒྲོལ་དཀར)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།