ཆུ་དང་སྐར་མ་རི་ཥི་ལས་འཕྲོས་པའི་མྱོང་བ་ཐན་ཐུན།
ཆུ་ནི་ཚེ་སྲོག་ཀུན་གྱི་འབྱུང་རྩ་ཡིན་པས། རང་ཅག་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་ཀྱང་ཆུ་ནི་འཇིག་རྟེན་སྐྱོང་བའི་མ་མར་གཟིགས་ནས། མི་ཟོག་གཉིས་ཀྱི་འཐུང་ཆུར་གྱུར་པའི་ཡུལ་ཆུ་དག་ལ་རང་གི་མིག་འབྲས་བཞིན་གཅེས་སྤྲས་བྱེད་བཞིན་ཡོད། དེ་ནི་ངོ་མ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་ལེགས་བཤད་ཇི་བཞིན། རང་བྱུང་ཁམས་དང་འགྲོ་བ་མི་ནི་གཅིག་ལ་གཅིག་རྟེན་ཡིན་པའི་མཚོན་རྟགས་གལ་ཆེན་ཞིག་མིན་ནམ།
བོད་མིས་ཆུ་འཐུང་བཞིན་པ་ཙམ་མིན་པར་ཆུ་ཡི་རིན་ཐང་དང་ཆུའི་ཁྱད་ཆོས་ལ་གཞིགས་པའི་ཆུ་ཡི་རིག་གནས་ཤིག་བཏོད་ཡོད་དེ། དཔེར་ན། ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་ཆབ་རྒྱུན་ཞེས་མངར་བ་དང་། བསིལ་བ། འཇམ་པ། ཡང་བ། དྭངས་པ། གཙང་བ། མགྲིན་པ་ལ་མི་གནོད་པ། ལྟོ་བ་ལ་ཕན་པ་ཞེས་དང་། ཁྱད་པར་དུ་བོད་མིའི་ཁ་རྒྱུན་དུ་ཆུ་རིགས་བདུན་ལས་མཆོག་གྱུར་པའི། ཆུ་མགོ་གངས་ལ་ཐུག་པ་བཞིན་ཞེས་ཆར་ཆུ་དང་། གངས་ཆུ། གཙང་ཆུ། ཆུ་མིག་གི་ཆུ། ཁྲོན་པའི་ཆུ། བ་ཚྭའི་ཆུ། ཤིང་ཆུ་སོགས་ཆུ་ཡི་དབྱེ་བ་བདུན་ལས་གཙང་ཤོས་ནི་གངས་ཆུ་ཡིན་པར་བཤད་ཅིང་། དེ་ལྟར་ཆུ་ཡི་རང་བཞིན་གཙང་མའི་ཡོན་ཏན་ལ་གཏིང་ཟབ་ཅིང་གཏན་ཚིགས་ཀྱིས་ཕྱུག་པའི་ངོས་འཛིན་འདི་ལྟ་བུ་ནི་མི་རིགས་གཞན་པའི་ཆུ་ཡི་རིག་གནས་ནང་མཐོང་དཀོན་པའི་སྣོད་བཅུད་མཉམ་གནས་ཀྱི་ལྟ་གྲུབ་དང་། ཡ་རབས་དྲིན་ཚོར་གྱི་བསམ་པ་ཁྱད་དུ་འཕགས་པ་ཞིག་རེད།
དེ་མིན་བོད་མིས་ཆུའི་བཟང་ངན་ཐད་ལའང་ཡུལ་དུས་དང་། ཁ་ཕྱོགས་གང་ནས་ཀྱང་དོན་ལ་གནས་ཤིང་ཁ་ཡོད་ལག་ཡོད་ཀྱི་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་དུ་མ་མཛད་ཡོད་དེ། ཡུལ་གྱི་ཆ་ནས་ཡུལ་ཁ་ལྷོ་གཏད་ཡིན་པ་གང་ཞིག ས་གཙང་ལ་ཉི་འོད་ཕོག་ཡུན་རིང་བའི་ས་ཆ་དཔེར་ན་གནས་མཆོག་ལྷ་ས་ལྟ་བུ་དཔེར་བཞག་ན། ལྷ་སའི་བྱང་ཕྱོགས་དོག་སྡེའི་ཕུ་ནས་རྒྱུག་པའི་ཆུ་དང་། སྟོད་ལུང་གཞོང་པ་ལྷ་ཆུའི་ཕུ་ནས་རྒྱུག་པའི་ཆུ་ལྟ་བུ་ནི་ཆུ་བཟང་པོར་བརྩི་ཞིང་། དེ་ལྟར་བརྗོད་དོན་ནི། དོན་ངོ་མར་ཁྲི་གདུགས་ཉི་མའི་འོད་ཟེར་ཆུ་ངོས་སུ་ཕོག་ཡུན་རིང་བས། དེས་ཆུ་ལ་དུག་སེལ་བྱེད་པའི་ནུས་པ་ཡོད་པ་ནི་ད་ལྟའི་ཚན་རིག་གི་ཆོད་སྡོམ་དང་གོ་མཚུངས་པ་མ་ཡིན་ནམ། དེ་ལས་ལྡོག་སྟེ་ཡུལ་ཁ་བྱང་གཏད་ཡིན་པ་གང་ཞིག བརླན་བཤེར་ཆེ་ལ་བ་ཚྭ་ཅན་དང་། འདམ་རྫབ་ཅན། དུག་ཤིང་ནགས་ཚལ་ཅན་གྱི་ཡུལ་ནས་སྐྱེས་པའི་ཆུའི་རིགས་ལ་ཆུ་ངན་ཞེས་བརྗོད་པའང་། ཁུལ་དེ་དག་ནི་ཉི་མའི་འོད་ཟེར་ཕོག་ཡུན་ཐུང་བའི་སྲིབ་ལུང་ཡིན་པ་ཤེས་ཐུབ།
དུས་ཀྱི་ཆ་ནས་ཆུའི་བཟང་ངན་འབྱེད་ཐབས་དེ་ནི་བོད་མིའི་རྣམ་དཔྱོད་ཀྱི་མཁའ་རྒྱ་ཡངས་ཤིང་། ཞིང་འབྲོག་ཐོན་སྐྱེད་ལས་ཀའི་དོན་དངོས་ལག་ལེན་ལ་ཞུན་བརྡར་དང་། ལོ་རེའི་དུས་ཚིགས་བཞིའི་ཁྱད་ཆོས་ལ་ཞིབ་དཔྱད་བྱས་པའི་ཚན་རིག་དང་མཐུན་པའི་མྱོང་དཔྱད་ཀྱི་འབྲས་བུ་ཞིག་ཡིན། དེ་ཡང་། བོད་མིས་དཔྱིད་ཆུ་ངན། སྟོན་ཆུ་བཟང་ཞེས་པ་ལྟར། དུས་ཚིགས་བཞི་ལས་དགུན་དཔྱིད་གཉིས་སུ་མཚོ་བོད་ས་མཐོའི་རང་བྱུང་ཁམས་ཀྱི་གནས་སྟངས་ཁྱད་ཆོས་དང་བསྟུན་ནས། དགུན་སྨད་དང་དཔྱིད་སྟོད་དུ་རྡུལ་རླུང་ལྡང་ནས་ལུང་ཤུར་ཐལ་རྡུལ་གྱིས་འཁྲིགས་པའི་ཚེ། གངས་རི་དང་རྒྱུག་ཆུའི་སྟེང་གི་དར་དཀར་གྱི་མལ་གདན་དག་ཐལ་རྡུལ་དང་མི་གཙང་བའི་གད་སྙིགས་མཐུག་པོས་བཀབ་པ་དང་། དཔྱིད་ཀའི་དྲོད་རླུང་གིས་ཆབ་རོམ་དང་། གངས་རི་བཞུར་བའི་ཆུ་དང་མཉམ་དུ་རྒྱུག་ཆུར་འདྲེས་པས། དཔྱིད་ཆུ་ཤིན་ཏུ་ངན་པར་གསུངས་ཤིང་། ཐ་ན་བགྲེས་སོང་ཉམས་མྱོང་ཅན་ཚོས་སྒོ་ཕྱུགས་ཤ་ཤེད་ཞན་པ་དག་ལ་དཔྱིད་དུས་ཆུ་མང་པོ་འཐུང་དུ་མི་འཇུག་ཅེས་པ་ལས་དཔྱིད་ཆུ་ངན་པ་གསལ་པོར་རྟོགས་ཐུབ།
གཞན་ཡང་། སྐར་མ་རི་ཥི་ཤར་སྐབས་བོད་མིས་ཆུ་བཟང་བར་བརྩིས་ནས་ཆབ་ཞུགས་དུས་ཆེན་ཞེས་ཡུལ་ཆུ་གཙང་སར་རང་གི་ལུས་པོ་དང་། མལ་ཆས་ཁ་གདན། གྱོན་ཆས་སོགས་གཙང་མར་འཁྲུད་བཞིན་ཡོད། རེད་ཨང་། དེ་ནི་བོད་མི་ཤེས་པ་ཅན་ཚོས་སྟོན་དུས་ནི་དབྱར་དུས་ཀྱི་ཚ་དྲོད་མི་ཡལ་ཞིང་དགུན་དཔྱིད་ཀྱི་གྲང་རླུང་མ་བསླེབས་པའི་ས་གཞི་རྩི་ཏོག་གིས་སྤུད་པའི་ནམ་དུས་གསེར་ལས་ལྷག་པ་དེ་ཡིན་པ་ཤེས་ལ། སྟོན་ཟླ་འབྲིང་པོར་ས་གཞི་གཙང་བའི་རྒྱུ་མཚན་གྱིས་ཆུ་གཙང་བ་དང་། ཆུ་གཙང་བའི་རྐྱེན་གྱིས་ང་ཚོས་ནམ་མཁའ་སྔོ་ཞིང་དྭངས་ལ། ཆུ་འཛིན་དཀར་པོའི་ཕོ་ཉ་ལང་མ་ལིང་དུ་རྒྱུ་བ་མཐོང་ཐུབ་པ་ནི་ནམ་དུས་དེར་སའི་གོ་ལའི་སྟེང་གི་མཚོ་དང་མཚེའུ། རྒྱུག་ཆུ་དང་གཙང་པོ། ཆུ་མིག་དང་རྦབ་ཆུ་ཀུན་ནི་ཡན་ལག་བརྒྱད་ལྡན་གྱི་ཆབ་རྒྱུན་དྲི་མེད་དེ་ཡིན་པ་ཤེས་པས་སོ། མཚམས་འདིར་གསལ་འགྲེལ་ཞུ་དགོས་པ་ཞིག་ལ། སྟོན་ཟླ་འབྲིང་པོར་སྐར་མ་རི་ཥི་ཤར་དུས་ཆུ་བཟང་བའི་དུས་དང་འཁེལ་སྟབས། སྐར་མ་རི་ཥིའི་རིང་ཆུ་བཟང་བར་བརྩི་བ་ཙམ་ལས། སྐར་མ་རི་ཥི་ལ་ཆུ་བཟང་པོར་གཏོང་བའི་ནུས་པ་དང་། ཆུ་ལ་སྨན་དང་བྱིན་རླབས་ཀྱི་ནུས་པ་ཡོད་པ་ཞིག་གསུངས་མེད་པས། ང་ཚོས་ད་ལྟའི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས། ཡིན་མིན་ཤན་འབྱེད་ཀྱི་བློ་མིག་ཡངས་མོས་མེས་པོའི་ལེགས་སྐྱེས་ལ་སྒྲོ་སྐུར་འདེབས་མི་རུང་།