ཁྱོད་ནི་ངའི་སེམས་ཀྱི་གཤོག་ཡ་དེ་ཡིན།
ཉིན་དཀར་དང་མཚན་མོ་རེ་རེར། ཁ་པར་གྱི་བརྙན་ཤེལ་ངོས་ནས། ངས་ཁྱོད་ཀྱི་ནང་སེམས་འཚོལ་གྱིན་ཡོད། ལོ་དང་ཟླ་བ་གང་མང་ཞིག་ལ། ངས་ཁྱོད་ཀྱི་ཡང་མོར་རྒྱུ་བའི་གོམ་པའི་འདེགས་འཇོག་དང་། ལྷོད་ཤ་ཆེ་བའི་བབ་ཆགས་ཀྱི་སྐད་ཆ་རེ་རེ། ད་དུང་། ནང་སེམས་ལས་སྨིན་པའི་ངང་འཇམ་གྱི་གཤིས་ཀ་ཡག་པོ། གཏན་ནས་དོར་མ་མྱོང་ཨང་།
མཚམས་མཚམས་རེར། ངས་དྲན་པ་མཐའ་དག་གླུ་རུ་བླངས་ཏེ། ཡངས་པའི་མཚོ་མོར་བསྐུར་བ་ཡིན། ལན་ལན་རེར། ངས་ཕྱིར་དྲན་ཡོད་ཚད་སེམས་སུ་བླངས་ཏེ། མཁའ་དབྱིངས་ཀྱི་སྤྲིན་དཀར་ཚོམ་བུར་བཅོལ་བ་ཡིན། གང་ལྟར་ཀྱང་འཚོ་བ་ཞེས་པའི་ཐ་སྙད་འདི་ལ་འགྲེལ་བཤད་ཅིག་རྒྱག་དགོས་ན། ཁྱོད་ནི་ངའི་འཚོ་བ་ཡིན། ཁྱོད་ནི་ངའི་སེམས་ཀྱི་གཤོག་ཡ་དེ་ཡིན།
རེད་ཡཱ། གལ་ཏེ་ལས་དབང་ནི་ཁྱོད་དང་ངའི་ཐུག་འཕྲད་དེ་ཡིན་ན། ངས་ལས་དབང་ལ་ཚེ་གང་གི་དྲན་པ་བཅོལ་འདོད། གལ་ཏེ་ལས་དབང་ནི་ཁྱོད་དང་ངའི་འཛུམ་མདངས་དབར་གྱི་ཚོར་བ་དེ་ཡིན་ན། ངས་ཚོར་བ་དེ་མི་ཚེ་འདིའི་ལས་བསོད་ལ་བཅོལ་འདོད།
དོ་ནུབ། ངས་གླིང་གའི་གྲུ་ཟུར་ཞིག་ནས། ཁྱོད་ཀྱི་རྒྱབ་གཟུགས་ལ་ལྟ་བཞིན་ཡོད། ཁྱོད་ཀྱི་སྟོད་ལྭ་དམར་སྨུག་དེར་ལྟ་བཞིན་ཡོད། ལྟ་བཞིན་ལྟ་བཞིན་ངའི་མིག་ཟུང་རབ་རིབ་ཏུ་གྱུར་ནས། མགྲིན་པའང་བརྣངས་སོང་།
མཚན་མོ་མང་པོ་དང་དུས་སྐབས་མང་པོ་ཞིག་ལ། ངས་ཁྱོད་ཀྱི་སེམས་པ་དང་འཚོ་བ་རྟོགས་མི་སྲིད་ནའང་། ཁྱོད་ཀྱིས་ངའི་དྲན་སེམས་འདི་ནམ་ཡང་སེམས་སུ་ཉར་རོགས། ཁྱོད་ཀྱིས་ངའི་སེམས་པ་འདི་དྲོད་ཀྱིས་སྙོར་རོགས། རྒྱུ་མཚན་ནི་ཁྱོད་ནི་ངའི་སེམས་ཀྱི་གཤོག་ཡ་དེ་ཡིན་པས། ངས་ཁྱོད་ལ་བརྟེན་ནས་ཕུགས་བསམ་གྱི་ནམ་མཁའ་དེ་བརྟོལ་དགོས་ཨང་།