དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྨྱན་སྦྱོར་མཉམ་འདྲེས་ལམ་བུའི་ཐོག་གཙོ་རྒྱུན་སྨྱན་སྦྱོར་གྱི་མ་འོངས་འཕེལ་ཕྱོགས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བདེ་སྐྱིད་བུ་ཁྲིད། བདེ་སྐྱིད་དབྱངས་འཛོམས།    |     སྤེལ་དུས།  2024-08-28

    སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་སྐབས་སུ་བརྒྱུད་བསྒྲགས་ཀྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་བྱུང་ཟིན་ཞིང་། 2020ལོའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》ནང་། “དུས་མཚམས་རྗེས་མའི་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རིམ་ཐད་བླང་བྱ་གསལ་པོ་བཏོན་ཡོད་པ་དང་། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་ཐབས་ལམ་ལག་ལེན་བསྟར་ནས་རྣམ་པ་གསར་པའི་གཙོ་རྒྱུན་སྨྱན་སྦྱོར་ཚན་པའི་མཉམ་འདྲེས་བྱ་ཤུགས་ཆེ་རུ་གཏོང་དགོས”ཞེས་འཁོད་ཡོད།  

    གཅིག  རྩ་འཛུགས་ཀྱི་སྒྲིག་གཞིའི་ཐད་ནས་སྨྱན་སྦྱོར་མཉམ་འདྲེས་ཟབ་གཏོང་ལ་གཞོགས་འདེགས་བྱ་དགོས།   

    མིག་སྔར། སྐས་རིམ་རང་བཞིན་གྱི་སྲོལ་རྒྱུན་རྩ་འཛུགས་ཀྱི་སྒྲིག་གཞི་དེ་སྲོལ་རྒྱུན་སྨྱན་སྦྱོར་ཚན་པ་དང་། ལྷག་པར་དུ་གཙོ་རྒྱུན་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགོག་རྐྱེན་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད།   

    རྣམ་ཀུན་གྱི་གསར་འགྱུར་འཚོལ་བསྡུ་དང་རྩོམ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད། གསར་འགོད་པ་དང་དོ་དམ་མི་སྣས་རང་སོ་སོའི་ལས་སྟེགས་ལ་དམིགས་ཏེ་ཁེར་རྐྱང་ཐོག“དམག་འཐབ”བྱེད་ཀྱི་ཡོད་ཅིང་། ཕན་ཚུན་དབར་ནུས་ལྡན་གྱི་འབྲེལ་གཏུག་དང་མཉམ་ལས་བྱེད་ཚད་མི་འདང་བ་དང་། མཉམ་འདྲེས་ཀྱི་མ་གནས་མཐོ་ལ་ལས་ཕྱོད་ཆུང་བ། ཐོན་ཁུངས་ནུས་ལྡན་ངང་བེད་སྤྱོད་མི་ཐུབ་པ་བཅས་ཀྱི་གནས་ཚུལ་ཡོད།   

    སྲོལ་རྒྱུན་སྨྱན་སྦྱོར་གྱི་དེ་སྔའི་སྒྲིག་གཞིའི་ནང་ལས་བགོས་ཞིབ་ཚགས་བརྒྱབ་རྒྱུ་དེ་གཙོ་བོར་འཛིན་གྱི་ཡོད་དེ། ལས་མི་རྣམས་ཆེད་ལས་ཀྱི་ལས་བགོས་བརྒྱུད། རྒྱུན་མཐུད་ལས་རིམ་ཞིག་ཏུ་སྟབས་བདེའི་ངང་བསྐྱར་ཟློས་ཀྱི་ངལ་རྩོལ་དང་ཐོན་སྐྱེད་བྱེད་བཞིན་ཡོད། མིག་སྔའི་དྲ་སྦྲེལ་ཆ་འཕྲིན་ཅན་གྱི་དུས་རབས་སུ། སྨྱན་སྦྱོར་ཚན་པས་ཐོན་སྐྱེད་བྱས་པའི་ཐོན་རྫས་ནི་སྔ་ས་ནས་སྲོལ་རྒྱུན་རྩ་འཛུགས་ཀྱི་སྒྲིག་གཞི་ལས་བརྒལ་ཡོད། དྲ་སྦྲེལ་དང་མཉམ་འདྲེས་དུས་རབས་ཀྱི་གསར་འགྱུར་ཐོན་རྫས་ལ་ཉིན་བརྗེ་མཚན་བརྗེ་ཡི་མྱུར་ཚད་དགོས་ལ། སྲོལ་རྒྱུན་སྨྱན་སྦྱོར་གྱི“ཀློག་པ་པོ”རྣམས་ཀྱང་རིམ་བཞིན་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི“སྤྱོད་མཁན”ལ་འགྱུར་བཞིན་ཡོད། དེས་ན་སྨྱན་སྦྱོར་ཚན་པའི་རྩ་འཛུགས་སྒྲིག་གཞི་ལའང་ངེས་པར་དུ་དེ་མཚུངས་ཀྱི་ལེགས་སྒྲིག་བྱ་དགོས།   

    2013ལོར། དྲ་སྦྲེལ་གྱི་ཚོགས་པ་ཆེ་ཤོས་ཨ་ལི་པཱ་པཱ་ཡིས་ལས་སྒོའི་སྒྲིག་གཞི་ཚང་མ་ལེགས་སྒྲིག་བྱས་ནས། ལས་དོན་པུའུ་25ཡི་དོ་དམ་བྱེད་སྟངས་རིམ་ཉུང་དོ་དམ་དུ་ལེགས་སྒྲིག་བྱས་ནས། འཇོན་ནུས་ཅན་གྱི་ལས་མིར་དེ་བས་མང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད། དྲ་སྦྲེལ་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་ཁ་གཏད་གཅོག་པའི་ཉམས་མྱོང་དེ་གཙོ་རྒྱུན་སྨྱན་སྦྱོར་ཚན་པས་ཀྱང་དཔྱད་གཞིར་འཛིན་རིན་ཡོད་པར་བསམ།   

    སྨྱན་སྦྱོར་མཉམ་འདྲེས་ཀྱི་དུས་རབས་སུ། གསར་འགྱུར་ཐོན་རྫས་མགྱོགས་མྱུར་བརྗེ་བ་དང་། སྨྱན་སྦྱོར་ཚན་པའི་སྲིད་འཛིན་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རྩོམ་སྒྲིག་རྩ་འཛུགས་ཀྱི་སྒྲིག་གཞི་དང་། གོང་རིམ་ནས་འོག་རིམ་བར་གྱི་རིམ་པ་མང་བའི་དཔོན་ཉམས་ལམ་ལུགས་ཀྱིས། བྱ་འཕུར་ལྟ་བུའི་སྤྱི་ཚོགས་གནས་ཚུལ་ལ་འཕྲལ་མར་ཁ་གཏད་གཅོག་པར་དཀའ། གཙོ་རྒྱུན་སྨྱན་སྦྱོར་ལ་གླེང་ཕྱོགས་ཁྲིད་སྟོན་དང་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་བའི་གོ་སྐབས་ཐོབ་འདོད་ན། ངེས་པར་དུ་གཙོ་གནད་གཤམ་སྒྱུར་བྱས་ནས། སྔོན་ཆད་ཀྱི་འགོ་ཁྲིད་དམ་མཐོ་རིམ་ཐབས་ཇུས་མ་ལག་ལ་འགྱུར་ལྡོག་བཏང་སྟེ། འཐབ་ཕྱོགས་དང་པོར་དབང་ཆ་དང་། འགན་འཁྲི། ཁེ་ཕན་བཅས་འདང་ངེས་སྤྲད་ནས། ཚན་པ་ཁག་གི་རྩ་འཛུགས་དང་ཐ་ན་ལས་བཟོ་ཚང་མར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྐྱེ་བར་བྱ་དགོས། ལམ་ལུགས་འདི་དག་ཁྲོད། ལས་བཟོ་དཀྱུས་མ་ཞིག་ཡིན་ཡང“ཐོན་རྫས་ཅིང་ལི”དང“རྣམ་གྲངས་ཅིང་ལི”ཞིག་ཡིན་ཆོག རང་ཉིད་ལ་གསར་གཏོད་དང་བསམ་ཚུལ་ཡག་པོ་ཡོད་ཚེ་ཡུལ་དུས་གང་དུ་ཡིན་ཡང་དེ་ལག་ལེན་དུ་བསྟར་ནས། མགྱོགས་མྱུར་ངང་མཉམ་འདྲེས་གསར་གཏོད་ཀྱི་གསར་འགྱུར་ཐོན་སྐྱེད་བྱེད་ཆོག དེ་དང་ཆབས་ཅིག“ཚན་པ”ཞེས་པའི་ཐ་སྙད་ཉུང་དུ་སྤྱོད་པ་དང་རིམ་པ་ཉུང་དུ་བཏང་ནས། ལས་སྒྲུབ་ཐད་ལས་མི་ཕན་ཚུན་དབར་ཐད་ཀར་འབྲེལ་མཐུད་བྱེད་ཆོག་པ་དང་། གསར་འགྱུར་ཐོན་རྫས་ཀྱི་དགོས་མཁོར་གཞིགས་ནས་ལས་མི་ཕན་ཚུན་མཉམ་ལས་དང་། ལས་ཀའི་བཀོད་སྒྲིག་བྱས་ནས་སྐབས་བསྟུན་དང་ལས་ཕྱོད་ཆེ་བའི་སྒོ་ནས་རྩ་འཛུགས་ཀྱི་དམིགས་ཚད་མངོན་འགྱུར་བྱས་ཏེ། གསར་འགྱུར་ཐོན་སྐྱེད་དང་བརྒྱུད་བསྒྲགས་ཀྱི་ལས་འགན་ལེགས་སྒྲུབ་བྱེད་ཆོག་གི་ཡོད་པ་རེད།   

    གཉིས།  གཉེར་སྐྱོང་དོ་དམ་ཐད་སྨྱན་སྦྱོར་མཉམ་འདྲེས་ཟབ་གཏོང་གི་འཕེལ་རྒྱས་དང་འཚམ་པར་བྱ་དགོས།  

    སྨྱན་སྦྱོར་མཉམ་འདྲེས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། གཙོ་རྒྱུན་སྨྱན་སྦྱོར་ལ་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་མ་དངུལ་ཁ་གསབ་སོགས་བྱས་ཡོད་མོད། འོན་ཀྱང་ཁྲོམ་རའི་དཔལ་འབྱོར་གྱི་ཁོར་ཡུག་ཁྲོད། གཙོ་རྒྱུན་སྨྱན་སྦྱོར་གྱིས་སྣ་མང་གཉེར་སྐྱོང་གི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། གྲངས་གཞི་ཅན་གྱི་རྣམ་གྲངས་ལ་བརྟེན་ནས་རང་བརྟེན་འཕེལ་རྒྱས་བཏང་ཚེ། གཞི་ནས་གཙོ་རྒྱུན་སྨྱན་སྦྱོར་ལ་འཕྲད་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་འགྲན་སློང་ཆེན་པོར་ཁ་གཏད་གཅོག་ཐུབ། དེར་བརྟེན། སྨྱན་སྦྱོར་མཉམ་འདྲེས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། གཙོ་རྒྱུན་སྨྱན་སྦྱོར་གྱིས་གླེང་ཕྱོགས་གཡུལ་ས་བརྟན་སྲུང་དང་གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པའི་འགན་འཁྲི་འཁུར་བ་ཕུད། ཁེ་ལས་ཀྱི་གཉེར་སྐྱོང་འདུ་ཤེས་དང་ཁེ་ལས་ཀྱི་བྱ་སྤྱོད་ནུས་ལྡན་ངང་སྤེལ་དགོས་པ་དང་། མཉམ་འདྲེས་ཕྱོགས་སྒྱུར་གྱི་གཏན་ཚིགས་དང་ཆོས་ཉིད་ལ་བསམ་གཞིག་དང་ལེགས་སྒྲིག་གཏིང་ཟབ་བྱ་དགོས་པ། ཁེ་ལས་ཀྱི་མིག་རྒྱང་ཐོག་ནས་རང་ཉིད་ཀྱིས་གང་ཞིག་བྱ་དགོས་པ་དང་གང་ཞིག་བྱ་ཐུབ་པ། ཞིབ་ཕྲའི་བརྒྱུད་རིམ་ཇི་ལྟར་ཡིན་པ་བཅས་གཏན་དུ་འཁེལ་དགོས།   

    ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲུའུ་ཁྲུན་དབྱང(朱春阳)གི་འཆད་ཁྲིད་ནང་། “1978ལོར་རྒྱལ་ནང་གི་བྱ་གཞག་ཚན་པ་ཁག་ཁེ་ལས་ཅན་གྱི་དོ་དམ་བྱེད་འགོ་ཚུགས་པ་དང་། མདོར་བསྡུས་ནས་བཤད་ན། ‘ལས་ཞོར་བདམས་ཐོན་པ་དང་ཆེད་ལས་བདམས་ཐོན་པའི’དབར་གྱི་འགྲན་རྩོད་དུ་གྱུར་བ་དང་། དེའི་ནང་ཚན་པ་མང་པོ་ཞིག་ལ་གྲུབ་འབྲས་ལེགས་པོ་འཐོན་ཡོད་མོད། འོན་ཀྱང་སྨྱན་སྦྱོར་མཉམ་འདྲེས་ཀྱིས་ས་ཁོངས་དང་ལས་རིགས་ཀྱི་དབྱེ་མཚམས་རབ་རིབ་དང་མེད་པར་བཟོས་ཡོད་པས། དེས་བྱ་གཞག་ཚན་པ་ཁེ་ལས་ཅན་དུ་དོ་དམ་བྱེད་པར་གཏོར་བཤིག་གཏོང་གི་ཡོད”ཞེས་གསུངས། འབྱུང་འགྱུར་བྱ་གཞག་ཚན་པ་དང་ཁེ་ལས་དབར་འགྲན་རྩོད་བྱེད་དམ་ཡང་ན་མཉམ་ལས་ཀྱི་གདམ་གའི་ཐད་ཁོང་གིས“དོ་དམ་རིགས་དབྱེ་མ་བྱས་ཐབས་མེད་རེད”ཅེས་གསུངས།  དེ་ཡང་ཚན་པ་མི་འདྲ་བའི་དབར་འགྲན་རྩོད་བྱེད་པ་དང་།  ཁེ་ལས་དབར་ཕན་ཚུན་འགྲན་རྩོད་བྱེད་པའི་བྱ་ཐབས་སྤྱད་རྒྱུ་ཡིན།  དཔེར་ན། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ལ་མཚོན་ན། ཚགས་པར་གཉེར་སྐྱོང་མཁན་གྱིས་སེམས་ནུས་གཅིག་སྒྲིལ་ངང་ཚགས་པར་གཉེར་བ་དང་། ཚགས་པར་ཁང་དོ་དམ་མཁན་གྱིས་སེམས་ནུས་གཅིག་སྒྲིལ་ངང་དོ་དམ་བྱས་ཏེ། གཅིག་གིས་སྤྱི་ཚོགས་ཀྱི་ནུས་པ་ཐོན་པ་དང་ཅིག་ཤོས་ཀྱིས་དཔལ་འབྱོར་གྱི་ནུས་པ་ཐོན་པར་བྱ་དགོས། 

    གསུམ།  ལམ་སྲོལ་གསར་གཏོད་ཐད་སྨྱན་སྦྱོར་མཉམ་འདྲེས་ཟབ་གཏོང་གི་འཕེལ་རྒྱས་དང་འཚམ་པར་བྱ་དགོས། 

    སྐུལ་ལྕག་གི་ལམ་སྲོལ་གསར་གཏོད་བྱ་དགོས་ཏེ། སྲོལ་རྒྱུན་སྨྱན་སྦྱོར་མང་དག་ཅིག་གི་མི་སྣའི་དོ་དམ་ཐད་བྱ་དགའི་ལམ་སྲོལ་མེད་པ་དང་། གླ་ཕོགས་ལ་འགྲན་རྩོད་ནུས་པ་མེད་པ། ལས་མིར་གཏོགས་སེམས་མེད་པ་སོགས་ཀྱི་གནད་དོན་ཡོད། གནད་དོན་དེ་དག་སྐུལ་ལྕག་བྱེད་སྲོལ་གསར་གཏོད་ལ་བརྟེན་ནས་ལེགས་བཅོས་བྱ་ཆོག་སྟེ། ཐོག་མར་གླ་ཕོགས་མ་ལག་ལེགས་བཅོས་དང་གླ་ཕོགས་ཚོད་སྐོར་མ་ལག་གསར་པ་འཛུགས་དགོས་པ་མ་ཟད། མི་དོན་དོ་དམ་སྒྱུར་བཅོས་སོགས་ཀྱི་བྱ་ཐབས་སྤྱད་དེ་སྒྲིག་ཁོངས་མི་སྣ་དང་། གདན་ཞུའི་ལམ་ལུགས་ཀྱི་མི་སྣའི་དབར་གྱི་ཧེ་བག་རིམ་བཞིན་མེད་པ་བཟོས་ནས། ལས་ཀ་འདྲ་མཚུངས་ལ་ཐོབ་ཆ་གཅིག་མཚུངས་ཡོང་བ་བྱས་ཏེ་གདན་ཞུའི་ལམ་ལུགས་ཀྱི་ལས་བཟོའི་གཏོགས་སེམས་ཆེ་རུ་གཏོང་དགོས། དུས་ཐུང་ངང་ཁྱབ་སྤེལ་བྱེད་དཀའ་བའི་ལམ་ལུགས་ཁག་ཅིག “རྒན་པར་བྱེད་ཐབས་རྙིང་པ་དང་། གཞོན་པར་སྲིད་ཇུས་གསར་པའི”ཐབས་ལམ་སྤྱད་ནས་རིམ་བཞིན་ལག་བསྟར་ཐུབ་པར་བརྩོན་རྒྱུ། གཞན་ཡང་གནས་འཕར་གྱི་གོ་སྐབས་ཐད་ཐབས་ལམ་རྒྱ་ཆེར་བཏང་སྟེ་འཚོལ་བསྡུ་དང་། རྩོམ་སྒྲིག ལག་རྩལ། གཉེར་སྐྱོང་སོགས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་ཚང་མར་འདྲ་མཉམ་ངང་གོ་གནས་འཕར་བའི་གོ་སྐབས་ཡོད་པ་བྱ་དགོས།   

    མིག་སྔར། རྒྱལ་ནང་གི་གཙོ་རྒྱུན་སྨྱན་སྦྱོར་ཁག་ནང་དོན་དང་ཐབས་ལམ་ལ་ལེགས་འགྱུར་བྱས་པའི་སྟབས་བདེའི་རྣམ་པ་ནས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པའི་ཕྱོགས་སུ་བསྐྱོད་ཡོད་ལ། ལྷག་པར་དུ་རྩ་བའི་དོ་དམ་བྱ་ཐབས་ལ་འགྱུར་ལྡོག་བཏང་ནས་སྨྱན་སྦྱོར་ཚན་པའི་སྒྲིག་གཞི་མི་འདྲ་བ་གཏོད་པ་དང་། གཞི་གཅིག་ཅན་གྱི་དོ་དམ་མངོན་འགྱུར་ཐུབ་ནས་ལས་གཉེར་མི་སྣ་ཚང་མར་དཔྱད་ཞིབ་ལམ་ལུགས་གཅིག་མཚུངས་ལག་བསྟར་བྱ་རྒྱུ་ནི། སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན་ངེས།  

    བཞི།  ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་མ་ལག་འཛུགས་དགོས།   

    2019ལོའི་ཟླ1ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་སྐབས། “ཀུན་འདུས་སྨྱན་སྦྱོར”གྱི་མཚན་ཉིད་ལ་གསལ་འགྲེལ་གནང་ཡོད་དེ། “ཀུན་འདུས་སྨྱན་སྦྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ནས་བརྒྱུད་རིམ་ཀུན་འགྲིམས་ཀྱི་སྨྱན་སྦྱོར་དང་། ཆ་འཕྲིན་ཀུན་གསལ་གྱི་སྨྱན་སྦྱོར། མི་སྣ་ཀུན་འདུས་ཀྱི་སྨྱན་སྦྱོར། ཕན་འབྲས་ཀུན་ཐོན་ཀྱི་སྨྱན་སྦྱོར་བཅས་ཐོན་པ་དང་། ཆ་འཕྲིན་གང་སར་ཁྱབ་པ་དང་། ཀུན་དང་འབྲེལ་བ། ཚང་མས་སྤྱོད་པ་བཅས་ལས་གླེང་ཕྱོགས་ཀྱི་ཁོར་ཡུག་དང་། སྨྱན་སྦྱོར་གྱི་རྣམ་པ། བརྒྱུད་བསྒྲགས་བྱེད་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་ཕྱིན་ནས། གསར་འགྱུར་གླེང་ཕྱོགས་ལས་དོན་ལ་འགྲན་སློང་གསར་པ་འཕྲད་བཞིན་ཡོད”ཅེས་གསུངས། དེ་རྗེས་ས་གནས་ཁག་གི་སྨྱན་སྦྱོར་ཚན་པས་ཀྱང་ཀུན་འདུས་སྨྱན་སྦྱོར་གྱི་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཡོད། འོན་ཀྱང་མིག་སྔར“བཞི་འཛོམས་སྨྱན་སྦྱོར”དངོས་སུ་ལག་བསྟར་ཐུབ་མཁན་ཧ་ཅང་དཀོན།   

    ངེས་པ་དོན་ལ་གནས་པའི“བཞི་འཛོམས་སྨྱན་སྦྱོར”ནི་གཤམ་གསལ་ལྟར། བརྒྱུད་རིམ་ཀུན་འགྲིམས་ཀྱི་སྨྱན་སྦྱོར་ནི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་ཕྱོགས་ཡོངས་ནས་གནས་ཚུལ་ཡོངས་ཁྱབ་དང་གསར་འགྱུར་སྤེལ་བར་ཟེར། ཆ་འཕྲིན་ཀུན་གསལ་གྱི་སྨྱན་སྦྱོར་ནི་ལག་རྩལ་ལ་བརྟེན་ནས་མི་རྣམས་ལ་དོ་སྙོམས་ངང་གསར་འགྱུར་མཁོ་འདོན་བྱས་ནས། གཅིག་མཚུངས་ངང་གསར་འགྱུར་གྱི་དོན་དངོས་དང་ལེན་བྱེད་དུ་འཇུག་པ། མི་སྣ་ཀུན་འདུས་ཀྱི་སྨྱན་སྦྱོར་ནི། ཆེད་ལས་ཀྱི་སྨྱན་སྦྱོར་ཚན་པ་དང་མི་སྣ་ཕུད། སྒོ་དབྱེའི་རང་བཞིན་དང་ཐེ་ཞུགས་རང་བཞིན་གྱི་རྣམ་པ་བརྒྱུད་མི་མེ་རེ་ངོ་རེས་གསར་འགྱུར་བརྒྱུད་བསྒྲགས་དང་དང་ལེན་ཁྲོད་ཞུགས་ནས་ཁྱབ་སྤེལ་གྱི་ཕན་འབྲས་བཟང་ཤོས་ཐོན་པར་བྱ་དགོས་རྒྱུ། ལྷག་པར་དུ་དཔྱད་གཏམ་སྤེལ་ཁུལ་གྱི་སྒོ་མོ་འབྱེད་མིན་ཐད། བློ་མཐུན་ཏེང་ཞའོ་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་ཚང་མ་འཐུས་སྒོ་ཚང་བར་དཀའ་ཞེས་གསུངས་པ་བཞིན། ཁྱབ་སྤེལ་བརྒྱུད་རིམ་གྱི་སྒོ་འབྱེད་རང་བཞིན་གྱིས་ད་གཟོད་ཏང་གི་མགྲིན་ཚབ་པའི་ནུས་པ་དངོས་ལ་ཞིབ་བཤེར་བྱེད་ཐུབ་ལ། བརྒྱུད་བསྒྲགས་རིག་པ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ནུས་པ་ཡང་འདོན་སྤེལ་བྱེད་ཐུབ། 2019ལོའི་ཟླ་11པར་བཏོན་པའི《ཀྲུང་གོའི་གསར་འགྱུར་ལས་དོན་པའི་ལས་རིགས་ཀུན་སྤྱོད་ཚད་གཞིའི》དོན་ཚན་དང་པོའི་ནང་། “གཅིག་གྱུར་གསུམ”འདོན་ནས་ཁ་གསལ་ངང་སླད་ཕྱིན་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་བརྒྱུད་རིམ་ནང་། མི་སྣ་ཀུན་འདུས་ཀྱི་སྨྱན་སྦྱོར་གལ་ཆེ་ཡིན་པ་བསྟན་ཡོད། “གཅིག་གྱུར་གསུམ”ནི་ཏང་ལ་བློ་དཀར་སེམས་དཀར་དང་། མེས་རྒྱལ་ལ་ལྷག་བསམ་རྣམ་དག མི་དམངས་ལ་བློ་དཀར་སེམས་དཀར་བཅས་བྱས་ནས། ཏང་གི་འདོད་ཚུལ་མཚོན་པ་དང་མི་དམངས་ཀྱི་བསམ་འདུན་ཤེས་པ་གཅིག་གྱུར་དང་། ཡང་དག་པའི་གླེང་ཕྱོགས་མཐའ་འཁྱོངས་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་མཚོན་པ་གཅིག་གྱུར། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་མཐའ་འཁྱོངས་བྱ་རྒྱུ་གཙོ་བོར་འཛིན་པ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ཡང་དག་པར་སྤེལ་རྒྱུ་གཅིག་གྱུར་བཅས། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱ་དགོས་པ་བསྟན། ཕན་འབྲས་ཀུན་ཐོན་གྱི་སྨྱན་སྦྱོར་ནི། དྲ་བའི་ཕྱི་ནང་གི་དྲིལ་བསྒྲགས་མཉམ་དུ་སྤེལ་རྒྱུ་ཡིན་ཏེ། 《ཀྲུང་གོའི་གསར་འགྱུར་ལས་དོན་པའི་ལས་རིགས་ཀུན་སྤྱོད་ཚད་གཞིའི》ནང་དྲ་བའི་ཕྱི་ནང་གཞི་གཅིག་ཅན་གྱི་དྲིལ་བསྒྲགས་ཇུས་གཞི་ཁ་གསལ་བཏོན་པ་དང་། དྲ་བའི་ཕྱི་ནང“ཚད་གཞི་གཅིག་དང་། མཚམས་ཐིག་གཅིག མཐའ་ཚད་གཅིག”བཅས་མཐའ་འཁྱོངས་བྱས་ཏེ། ཁྲིད་ཕྱོགས་ཀྱི་བླང་བྱ་དང་དོ་དམ་གྱི་བླང་བྱ་གཅིག་གྱུར་ཡོང་བ་བྱས་ཡོད། དེའི་རྒྱུ་མཚན་ནི། 2021ལོའི་ཟླ2ཚེས3ཉིན་ཁྱབ་བསྒྲགས་བྱས་པའི་ཐེངས་47པའི《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་གནས་ཚུལ་གྱི་བསྡོམས་རྩིས་སྙན་ཞུའི》ནང་། 2020ལོའི་ཟླ་12བར་སློབ་ཆུང་དང་སློབ་ཆུང་མན། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང/འབྲིང་རིམ་ཆེད་ལས་སློབ་གྲྭ/ལག་རྩལ་སློབ་གྲྭ སློབ་ཆེན་གྱི་ཆེད་ལས་ཚན་ཁག སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་དྲ་དམངས་ཚོགས་སྤྱིའི་བསྡུར་ཚད་ནི་སོ་སོར་19.3%དང་། 40.3% 20.6% 10.5% 9.3%བཅས་ལས། སློབ་རྒྱུས་ཅུང་དམའ་བའི་དྲ་དམངས་ཀྱིས་བཟུང་བའི་བསྡུར་ཚད་ཅུང་ཆེ་ཙམ་ཡོད་པས། དྲ་བའི་ཕྱི་ནང་གཞི་གཅིག་ཅན་དུ་བསྐྲུན་རྒྱུ་དང་། ཕྱི་ནང་ཕན་ཚུན་ཐ་དད་དང་ཁ་བྲལ་འགྲོ་རྒྱུར་སྔོན་འགོག་བྱ་དགོས།  

    2021ལོའི་ཟླ་8ཚེས་27ཉིན་ཁྱབ་བསྒྲགས་བྱས་པའི་ཐེངས་48པའི《ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་གནས་ཚུལ་གྱི་བསྡོམས་རྩིས་སྙན་ཞུའི》ནང་། 2021ལོའི་ཟླ་6པའི་བར་རང་རྒྱལ་གྱི་དྲ་དམངས་མིན་པའི་གཞི་ཁྱོན་དུང་ཕྱུར་4.02ཟིན་པ་དེའི་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་དམངས་མིན་པའི་བསྡུར་ཚད་49.1%ཟིན་པ་དང་། གྲོང་གསེབ་ས་ཁུལ་གྱི་དྲ་དམངས་མིན་པའི་བསྡུར་ཚད་50.9%ཟིན་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དྲ་དམངས་མ་ཡིན་པའི་བསྡུར་ཚད་གྱི་ཁྱད་པར་རིམ་བཞིན་མེད་པར་འགྱུར་བཞིན་ཡོད། དྲ་དམངས་ཀྱི་གཞི་ཁྱོན་ཆེ་རུ་འགྲོ་བར་དོ་ཁུར་བྱེད་པ་དང་དུས་མཚུངས་དྲ་དམངས་མིན་པའི་ཚོགས་སྤྱིར་ཡང་སྔར་བཞིན་མཐོང་ཆེན་བྱེད་དགོས་ལ། འབྱུང་འགྱུར་གྱི་དུས་སྐབས་ཤིག་རིང་དྲ་མིན་དང་སྲོལ་རྒྱུན་སྨྱན་སྦྱོར་མུ་མཐུད་གནས་མུས་ལགས།  

    འབྱུང་འགྱུར་ལ་ཁ་ཕྱོགས་ན། དེང་རབས་ཀྱི་བརྒྱུད་བསྒྲགས་མ་ལག་ལ་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དྲ་སྦྲེལ་བཅས་ཀྱི་སྨྱན་སྦྱོར་རྐྱང་པ་མ་ཡིན་པར། ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་རྣམ་པར་གྱུར་སྲིད། རང་རྒྱལ་གྱིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་རྒྱབ་ལྗོངས་འོག “བཞི་འཛོམས་སྨྱན་སྦྱོར”གཏོད་རྒྱུ་དེ་གཙོ་རྒྱུན་སྨྱན་སྦྱོར་གྱི་རྒྱབ་རྟེན་དང་། གླེང་ཕྱོགས་དང་རིན་ཐང་གི་ཕྱོགས་སྟོན་འཁོར་ལོ་ཡིན་པ། དེས་གཙོ་རྒྱུན་སྨྱན་སྦྱོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པར་ཚོད་བགམ་བྱེད་བཞིན་ཡོད། གཙོ་རྒྱུན་སྨྱན་སྦྱོར་གྱི་ངོས་ནས་བརྗོད་ན། ལག་རྩལ་གསར་པ་དང་ལེན་བྱེད་པ་དེ་འབྱུང་འགྱུར་ལ་འགན་ལེན་བྱེད་པ་ཞིག་ཡིན་པ་དང་། ཀུན་འདུས་སྨྱན་སྦྱོར་གྱིས་གཙོ་ཁྲིད་བྱེད་པ་ནི་འབྱུང་འགྱུར་ལ་སྟངས་འཛིན་བྱེད་པ་ཞིག་ཡིན།  དེ་ནི་འགུལ་རྣམ་ཁྲོད་མདུན་དུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཞིག་ཡིན་ལ། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན་པས་དམིགས་ཚད་དེའི་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་དགོས།  

    མདོར་ན། 《སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་བསྟན་དོན་བཞིན། “སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱིས་སྒྲིག་སྲོལ་ལམ་སྲོལ་དང་། སྲིད་ཇུས་བྱ་ཐབས། བརྒྱུད་རིམ་དོ་དམ། ཤེས་ལྡན་མི་སྣའི་ལག་རྩལ་སོགས་ཀྱི་ཐད་མཉམ་འདྲེས་ཀྱི་གོམས་སྟབས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཤུགས་རྐྱེན་གྱི་ནུས་པ་དང་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་ལྡན་པའི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་ཁག་གཅིག་གང་མགྱོགས་འཛུགས་པ། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་དང་ནང་ཕྱོགས་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས་མཉམ་འགུལ་གྱི་གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་རིམ་བཞིན་ཆགས་པར་བྱེད་པ། ནང་དོན་འཛུགས་སྐྱོང་རྩ་བར་འཛིན་པ་དང་། སྔོན་ཐོན་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པ། གསར་གཏོད་དོ་དམ་འགན་སྲུང་བྱེད་པ་བཅས་ཀྱི་ཀུན་འདུས་སྨྱན་སྦྱོར་གྱི་འགྲེམས་སྤེལ་མ་ལག་བསྐྲུན་རྒྱུར”ཁ་ཕྱོགས་རྒྱུ། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།