བཀྲ་ཤིས་སྨོན་ཚིག་དར་དཀར་རིང་མོ།
ཤེས་རིག་གི་ས་བོན་འཕོ་ས། བློ་གྲོས་ཀྱི་མེ་ཏོག་བཞད་ས། ལང་ཚོ་ཡི་གསེར་འོད་འཕྲོ་ས། འཆད་ཉན་གྱི་གླུ་དབྱངས་གྱེར་ས། དེ་བས་ངའི་མི་ཚེ་ཡི་རིན་ཐང་མངོན་ས། མཚོ་སྨད་སློབ་འབྲིང་།
མཚོ་སྨད་སློབ་འབྲིང་། ཁྱེད་ལ་གྲོང་ཁྱེར་གྱི་སློབ་གྲྭ་ལྟ་བུའི་མཚན་སྙན་གྱི་གྲགས་པ་མེད་ཀྱང་། ངའི་ངོས་ནས་བརྗོད་ན། ཁྱེད་ནི་ངའི་མི་ཚེ་ཡི་རིན་ཐང་མངོན་ས་དེ་ཡིན། ཁྱེད་ཀྱིས་ང་ལ་ཀ་ཁའི་དབྱངས་རྟ་ཞིག་གྱེར་དུ་བཅུག་བྱུང་ལ། ང་རང་ནག་པང་གྲུ་བཞིའི་མདུན་དུ་སྤོབས་པས་ལངས་སུ་བཅུག་བྱུང་། དེ་བས། བློ་གསར་གྱི་གེ་སར་གཞོན་ནུ་ཁྱུ་དང་ཁྱུ་ཡི་དཀྱིལ་དུ་ཤེས་རིག་གི་སྐྱེད་ཚལ་ནས་ཟེའུ་འབྲུ་མཉམ་འཐུའི་གོ་སྐབས་ཀྱང་སྦྱིན་བྱུང་།
དེས་ན། ངའི་ཆུང་དུས་ཀྱི་ཕུགས་བསམ་སྟེ། ཤེས་རིག་གི་སྒྲོན་མེ་སྤོར་མཁན་གྱི་དགེ་རྒན་ཞེས་པའི་ཐ་སྙད་ཀྱི་གཏང་རག་དེའང་ཁྱེད་ཀྱིས་ང་ལ་གནང་བྱུང་། མདོར་ན། ངའི་མི་ཚེ་ཡི་སྐྱ་ཡ་དང་བུ་ཕྲུག འཚོ་རྟེན་གྱི་ཟླ་ཕོགས་ཀྱང་གནས་འདི་ཡིས་སྦྱིན་བྱུང་། དེས་ན། ངའི་བློ་ངོར་ཁྱེད་ནི་སློབ་གྲྭ་གཞན་ཅི་ལས་ཀྱང་ལྷག་པར་མཐོང་། ངས་ཀྱང་ད་བར་ཁྱེད་ཀྱི་མཛེས་སྡུག་གི་ལང་ཚོ་ལ་ལུས་སེམས་ཟུང་གིས་འཐམས་ནས་ཡོད། ཁྱེད་ཀྱི་དར་རྒུད་ནི་ངའི་ལས་དབང་དང་འབྲེལ་ཡོད་པས། ངས་མ་འོངས་ཀྱི་མ་འོངས་བར། ངའི་ལས་ཡུན་གྱི་རྒྱུན་ཐག་མ་ཆད་བར། ངས་ནམ་ཡང་ཐོག་མའི་བསམ་འདུན་དེ་མ་བརྗེད་པར། ཁྱེད་དང་མཉམ་དུ་འགྲོགས་ངེས་ཡིན། དེ་ནི་ངས་ཁྱེད་ལ་བཅངས་པའི་བརྩེ་བ་རྣལ་མ་དེ་ཡིན།
མི་ལོ་ཉི་ཤུའི་སྔོན་གྱི་དབྱར་སྨད་ཀྱི་ཉིན་ཞིག ངས་མཚོ་སྨད་སློབ་འབྲིང་གི་རྒྱལ་སྒོ་ཐོག་མར་འཛུལ་དུས། ཨར་འདམ་ལས་གྲུབ་པའི་སྒོ་རུ་ཕྲ་མོ་གཉིས་དང་། ལྕགས་དྲའི་སྒོ་མོ་དེ་འབྱེད་དུས། མདུན་ཕྱོགས་ཀྱི་གད་སྟེང་ན་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་རྙིང་པ་གསུམ་ཐོག་གཅིག གཡོན་ཕྱོགས་ཀྱི་གད་སྟེང་དུ་གཞུང་ལས་ཁང་རྙིང་པ་ཉིས་ཐོག་གཉིས། དེའི་ནུབ་ཏུ་སློབ་མའི་ལྕགས་ཤོག་ཉལ་ཁང་སྟར་པ་གསུམ། དེའི་མདུན་ཀྱི་གད་སྟེང་ན་རྒྱལ་དར་བསྒྲེངས་སའི་རྡོ་སྟེགས་ཤིག་དང་། གཞོགས་སུ་གསོ་རླུང་སྣོད་མདོང་ཕྱེད་མ་ལས་བཟོས་པའི་སློབ་ཚན་བརྡ་གཏོང་ཅོང་རྙིང་གཅིག གཡས་ཀྱི་བདེ་ས་རུ་སློབ་མའི་ཉལ་ཁང་གསུམ་ཐོག་སྟར་པ་གཅིག་དང་། དེའི་མདུན་དུ་སློབ་མའི་ཟ་ཁང་ཞིག་ཡོད་པ་ནི་དེ་དུས་བསྐྲུན་མ་ཐག་པའི་ཁང་པ་གསར་ཤོས་དེ་གཉིས་ཡིན་ངེས། དེ་དག་ནི་མཚོ་སྨད་སློབ་འབྲིང་གི་སྐབས་དེའི་ཕྱི་ཡི་ལྕགས་རི་ཡིན་ལ། ནང་གི་ནོར་བུའང་ཡིན། སློབ་གྲྭའི་ཁོར་ཡུག་གི་ལྷོ་ངོས་སུ་ས་སྒང་འབར་འབུར་གྱི་ལུས་རྩལ་ཐང་ཆུང་ངུ་ཞིག་དང་། དེའི་ཤར་ངོས་སུ་ཨར་འདམ་ལས་གྲུབ་པའི་ལག་རྩེད་སྤོ་ལོའི་ཐང་ཞིག་ཡོད། དེ་ནི་སྐབས་དེ་དུས་ཀྱི་སློབ་ཕྲུག་བུ་རྣམས་གཟའ་མཇུག་ལ་རོལ་སའི་གནས་མལ་ཡག་ཤོས་དེ་ཡིན།
2003ལོ་ནས་ད་བར་གྱི་བགྲང་བྱ་ཉི་ཤུ་ཙམ་ནང་། སློབ་གསོ་དགུ་ཁྱབ་དང་། སློབ་གསོའི་གཞི་རྩ་གཉིས་ཀྱི་འགག་སྒྲོལ་དམག་འཐབ། སློབ་གསོ་དོ་སྙོམ། བྱང་ཚད་སློབ་གསོ་སོགས་སློབ་གསོའི་ལམ་ལུགས་དང་སྒྲིག་གཞི་གསར་པ་རབ་དང་རིམ་པའི་ཁྲོད། མཚོ་སྨད་སློབ་འབྲིང་ཡང་འཕེལ་རྒྱས་ཀྱི་གོམ་ཁ་མ་ལྷོད་པར་མདུན་སྐྱོད་ཀྱི་ལམ་ཆེན་ཐོག་སྐྱོད་བཞིན་ཡོད། ལོ་དེ་དག་ནང་ཕྱི་སྣོད་ཀྱི་སྒྲིག་གཞིའི་ཐད། སློབ་ཁྲིད་ཐོག་ཁང་དང་ཚོད་ལྟ་ཁང་། དྲ་བ་དང་མཉེན་ཆས་རང་སྒྲིག་གི་དཀར་པང་། དགེ་སློབ་ཀྱི་ཉལ་ཁང་དང་རླངས་འཁོར་འཇོག་ས། དཔེ་མཛོད་ཁང་དང་ཐོག་ཡོད་ལུས་སྦྱོང་ཁང་། འགན་ལེན་གསུམ་གྱི་དྲོ་སྐྱིད་ཚོར་ཐུབ་པའི་སློབ་མའི་འཚོ་བ། དེ་བས་དྲོད་རླངས་ཀྱི་ཆ་རྐྱེན་སོགས་ཤིན་ཏུ་ལེགས་ལ། པ་ཏྲ་རི་མོའི་སྒྱུ་རྩལ་དང་། ཟློས་གར་རོལ་དབྱངས་སྒེག་པའི་ཉམས། རྐང་རྩེད་དང་ལག་རྩེད་སྤོ་ལོའི་རིགས། དེ་བཞིན་ཡིག་གཟུགས་རྩོམ་རིག་སོགས། སློབ་ཕྱིའི་དགའ་མོས་སྦྱོང་བརྡར་གྱི་སློབ་སྦྱོང་དང་ཁོར་ཡུག་གི་མཐུན་རྐྱེན་ནི་སྔར་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད། ནང་བཅུད་ཀྱི་མཐུན་རྐྱེན་ཆ་ནས་ཀྱང་། དགེ་རྒན་གྱི་དཔུང་ཁག་ཆ་ཚང་ཞིང་ཆེད་ལས་ཀྱི་སྒྲིག་གཞི་ཚགས་དམ་པས། ལོ་དེ་དག་ནང་ཤེས་རིག་གི་བདུད་རྩིས་ངོམས་པར་བྱས་པའི་ན་གཞོན་བུང་བ་དུ་མ་རི་གྲོང་འདི་ནས་གཤོག་རྩལ་རྒྱས་ཏེ། རང་རང་གི་མི་ཚེའི་ལམ་བུ་གསར་པར་སྙེག་བཞིན་མེས་རྒྱལ་དང་མི་རིགས། རང་གི་ཕ་ཡུལ་རི་གྲོང་ཆུང་ཆུང་འདིར་ཞབས་འདེགས་ཞུས་དང་ཞུ་མུས་ལགས།