དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཤེས་གཉེན་གྱི་བསྟོད་པ་པད་དཀར་ཆུན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཕུན་ཚོགས་དགྲ་འདུལ།   |     སྤེལ་དུས།  2024-08-25

    མི་ཤེས་ཐ་སྙད་འདམ་དུ་བྱིངས་པའི་བགྲང་བྱ་དུ་མའི་སློབ་གཉེར་ཀུན། །

    ཐབས་ཤེས་ཉི་ཟླ་ཐུགས་ཀྱི་བརྩེ་བས་མ་རིག་མུན་པའི་གྲུ་ཁ་ཡོངས། །

    བསལ་བའི་བློ་གྲོས་སྤྲིན་གྱི་མེ་ཏོག་སྐལ་ལྡན་བུ་ཡི་བློར་འདེབས་པ། །

    ལས་ཅན་དམ་པ་གང་དང་ཕྲད་པ་དམ་ཚིག་གཙང་མའི་འབྲས་བུར་སེམས། །


    སློབ་ཐུན་རེ་རེའི་དུས་ན་འཇོ་བའི་གདམས་ངག་ཆར་གྱི་སློབ་ཁྲིད་ཁྲོད། །

    བླང་དོར་རྨོངས་པའི་སྐལ་ལྡན་ཁྱུ་ཚོགས་དབྱར་གྱི་སྤང་ལྗོངས་མེ་ཏོག་བཞིན། །

    གསོན་ཤུགས་རྒྱས་པའི་རང་མདངས་དེ་ཉིད་དམ་པ་གང་གི་དྲིན་དུ་སྒོམ། །

    དེ་ཕྱིར་ཕྲན་ཡང་རང་དབང་མེད་པར་བཤེས་གཉེན་ཁྱེད་ལ་བསྟོད་པར་ཐལ། །


    རིག་གནས་རྒྱ་མཚོའི་ནོར་བུ་ལེན་ཞིང་བརྡ་གཞུང་གློག་གི་རྣམ་དཔྱོད་ཅན། །

    ཐོས་བསམ་སྒོམ་གྱི་བགྱི་བ་སྣ་ཚོགས་དཀའ་སྤྱད་ཁུར་གྱིས་བཞེས་ནུས་ཤིང་། །

    འཆད་རྩོད་རྩོམ་ལ་ཐོགས་པ་མེད་པ་མཁས་པ་གཞན་ཡང་ཡིད་སྨོན་ཤོར། །

    ང་རྒྱལ་ཕྲག་དོག་མ་རིག་སྤངས་ཏེ་ཞི་དུལ་རྒྱ་མཚོའི་ཕ་མཐར་བགྲོད། །


    བྱ་སྒྲོ་རླུང་ཁྱེར་དོ་ཟླ་ཇི་བཞིན་མི་ཚེའི་ཁ་ཕྱོགས་འཛོལ་བ་ཡི། །

    ན་གཞོན་སློབ་བུ་སྐར་མའི་ཚོགས་ཀྱི་ཡིད་ཀྱི་ཞིང་ས་གཤིན་པོ་རུ། །

    ལེགས་བཤད་བདུད་རྩིའི་གྲུ་ཆར་ཕབ་སྟེ་ཡང་དག་ལམ་བུ་སྟོན་པ་དང་། །

    ཐབས་ཤེས་ཟུང་གི་མན་ངག་བསླབས་ནས་དགོས་འདོད་འབྲས་བུ་སྨིན་པར་མཛད། །


    གཡོ་བསླད་བཅོས་མའི་རང་མདངས་མེད་པར་སྙིང་གི་ཤ་ཚ་ཆེན་པོ་ཡིས། །

    སྣོད་དུ་གྱུར་པའི་སློབ་མའི་ཚོགས་ལ་དཔེ་ཁྲིད་མི་སྐྱོང་མཛད་པ་དང་། །

    འཇིག་རྟེན་མི་ཆོས་བསླབ་བྱ་གནང་སྟེ་ཕ་ལྟར་བྱམས་ཀྱིས་སྐྱོང་མཛད་པ། །

    བློ་དཀར་བཤེས་གཉེན་དམ་པ་ཁྱེད་ལ་ལུས་ངག་ཡིད་ཀྱིས་གུས་འདུད་ཞུ། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།