དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཕོ་འགྱུར་ཀློང་གི་ལོ་སུམ་ཅུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  སྨྱུག་སོན་ནོར་སངས།   |     སྤེལ་དུས།  2024-08-25

    ལོ་སུམ་ཅུ། ལོ་ཟླའི་བང་རྩལ་མྱུར་བའི་ལོ་སུམ་ཅུ། དུས་ཀྱི་ཕ་མཐར་འདས་པའི་ལོ་སུམ་ཅུ། སྙན་འཇེབས་ཀྱི་གླུ་དབྱངས་ཤིག་དང་འདྲ་ལ། སྣུམ་ཚོན་གྱི་རི་མོ་ཞིག་དང་ཡང་འདྲ། དཀའ་ཚེགས་ཀྱི་ལོ་སུམ་ཅུ་ཁྱེད་ཀྱིས་བརྒྱུད་མྱོང་ལ། ལོ་སུམ་ཅུའི་འཛད་མེད་ཀྱི་གཏམ་རྒྱུད། ཁྱེད་ཀྱིས་བརྗོད་མྱོང་།

    ལོ་སུམ་ཅུའི་སྔོན་དུ། ཁྱེད་རང་གསར་སྐྱེས་ཀྱི་བྱིས་པ་ཞིག་དང་འདྲ། རེ་བ་དང་ཕུགས་བསམ་ཁྱེར་ནས་འབྱུང་འགྱུར་ལ་ཕྱོགས་བཞིན་ཡོད། ད་ལྟ་ཁྱེད་ནི་ཤེས་བྱའི་རྒྱ་མཚོ་ཞིག་ཏུ་གྱུར་ནས། སློབ་མ་རྣམས་ལ་ཤེས་བྱའི་ཟེགས་མ་ཕངས་མེད་དུ་གཏོར་བཞིན་མཆིས། སློབ་ཁང་ཐེབས་ཆག་ནས་དེང་རབས་ཀྱི་སློབ་ཁྲིད་ཐོག་ཁང་བར། འཚོ་བ་ངན་ངོན་ནས་གྲ་རྒྱས་ཕུན་ཚོགས་བར་དུ། མ་ཡུམ་སློབ་གྲྭའི་གོམ་སྟབས་མཚམས་ཆད་མ་མྱོང་ལ། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལ་ཉམས་པ་ཅི་ལ་མཆིས།

    གནས་འདི་རུ་ང་ཚོའི་ལང་ཚོ་དང་ཁྲག་དྲོན་ཡོད། གནས་འདི་རུ་ང་ཚོའི་དགོད་སྒྲ་དང་མིག་ཆུ་ཡོད། གནས་འདི་ནས་ང་ཚོ་འཚར་ལོངས་བྱུང་ལ། གནས་འདི་ནས་ང་ཚོས་འོད་སྟོང་འབར་བའི་ལམ་བུ་བསྐྲུན་ཡོད། གནས་འདི་ནས་ང་ཚོས་གཟི་བརྗིད་ཀྱི་རྒྱལ་ཁ་ཡང་ལེན་མྱོང་།

    ལོ་སུམ་ཅུའི་ལོ་ཟླའི་ཆར་རླུང་གི་ཁྲོད་དུ། མ་ཡུམ་སློབ་གྲྭས་ཐོག་མའི་བསམ་འདུན་བོར་མེད་ལ། འབད་བརྩོན་གྱི་ལྕགས་རི་བརྟན་པོར་བསྲུངས་ཡོད། བློ་རྒྱ་ཡངས་ཤིང་ཕུགས་བསམ་གྱི་འོད་སྣང་འཚེར་བའི་ཤེས་ལྡན་མི་སྣ་གྲངས་མེད་ཀྱང་གསོ་སྐྱོང་བྱས་ཡོད་ཨང་།

    མ་ཡུམ་སློབ་གྲྭའི་རྟེན་འབྲེལ་གྱི་ཉིན་མོར། ང་ཚོས་མགྲིན་གཅིག་ཏུ་གླུ་དབྱངས་ཀྱི་མཆོད་པ་འབུལ་ལ། མ་ཡུམ་སློབ་གྲྭའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱི་མིག་ལྟ། དེ་རིང་གི་མ་ཡུམ་སློབ་གྲྭ་ནི་ང་ཚོའི་གཟི་བརྗིད་ཡིན་ལ། སང་ཉིན་གྱི་མ་ཡུམ་སློབ་གྲྭ་ནི་ང་ཚོའི་སྤོབས་པ་ཡིན། ང་ཚོས་ལག་གདང་གཅིག་ཏུ་སྦྲེལ་ནས། ཐུན་མོང་ཐོག་གོམ་གང་མདུན་སྐྱོད་བྱེད་ཀྱིན། འོད་སྟོང་འབར་བའི་ལམ་བུ་གཏོད་དེ། མ་ཡུམ་སློབ་གྲྭའི་སྔར་བས་མཛེས་སྡུག་ལྡན་པའི་སང་ཉིན་གྱི་ཆེད་དུ་འབད་དགོས་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།