དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མ་ཡུམ་སློབ་གྲྭའི་འཁྲུངས་སྐར་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བསོད་ནམས་བསྟན་འཛིན།   |     སྤེལ་དུས།  2024-08-25

    བགྲང་བྱ་སུམ་ཅུའི་རིང་། དྲག་ཆར་དང་རླུང་འཚུབ་ཇི་ལྟར་རྒོད་ཀྱང་། ཁྱེད་ཀྱི་སྐྱེ་སྟོབས་དང་གཟི་བརྗིད་ལ་ཉམས་པ་མེད། ཁྱེད་ཀྱི་འཕེལ་རྒྱས་དང་གསོན་ཤུགས་ལ་འཛད་མཐའ་མེད། དེ་བས་ཁྱེད་ཀྱི་དྲོད་ཁོལ་ལ་འཛད་མཐའ་མེད་ཨང་། བདག་གི་མ་ཡུམ་སློབ་གྲྭ

    མ་ཡུམ་སློབ་གྲྭ ཁྱེད་ཀྱི་ཕང་བ་ནས་བུ་ཕྲུག་གྲངས་མེད་ཅིག་ལ་ཤེས་བྱའི་ཁོ་ལག་རྒྱས། ཁྱེད་ཀྱི་ཕང་བ་ནས་བུ་ཕྲུག་ཁྲི་ཕྲག་མང་པོས་ཕུགས་འདུན་གྱི་དོན་སྙིང་རྟོགས། ལྷག་བསམ་དང་དྲོ་སྐྱིད་ཀྱིས་བརྟས་པའི་ཁྱེད་ཀྱི་ཕང་བ་ནས་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ལ། རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ཁྱེད་ཀྱི་ཕང་བ་ནས་མི་ཚེའི་དོན་སྙིང་རྙེད་ཡོད།

    མ་ཡུམ་སློབ་གྲྭ ཁྱེད་ནི་ཞིང་པའི་བུ་ཕྲུག་གི་ཤེས་རིག་གི་ས་བོན་འདེབས་སའི་ཞིང་ས་གཤིན་པོ་དེ་ཡིན་ལ། ཁྱེད་ནི་འབྲོག་ཕྲུག་གི་ཕུགས་འདུན་འཚོལ་བའི་མཐའ་ཡས་ཀྱི་རྩྭ་ཐང་དེ་ཡིན། ཁྱེད་ནི་ཤེས་རིག་གི་སྦྲང་རྩི་འཐུ་ས་དང་། རྨི་ལམ་གྱི་ཁ་དོག་འཚོལ་ས་ཡིན།

    མ་ཡུམ་སློབ་གྲྭ ཁྱེད་ཀྱི་བགྲང་བྱ་སུམ་ཅུའི་འཁྲུངས་སྐར་དགའ་བས་བསུ་ཞིང་། གཞོན་སྐྱེས་མྱུ་གུ་མང་དུ་གསོ་ཐུབ་པ་དང་། བསྐལ་བརྒྱར་གནས་ཐུབ་ཅིང་། མཚན་སྙན་ཕྱོགས་བཅུར་ཁྱབ་པའི་སྨོན་འདུན་ཞུ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།