མ་ཡུམ་སློབ་གྲྭ
མ་ཡུམ་སློབ་གྲྭ ཁྱེད་ནི་བཅུ་ཕྲག་རིག་གནས་ཀྱི་བང་མཛོད་དང་། མཁས་བརྒྱ་འགྲན་གླེང་གི་སྟེགས་བུ་དེ་ཡིན་པས། མཚར་སྡུག་འོད་སྟོང་འབར་བའི་ཁྱེད་ཀྱི་བགྲང་བྱ་སུམ་ཅུའི་ལོ་རྒྱུས་ནི་ཅི་འདྲའི་ངོ་མཚར་ཆེ་ཨང་།
མ་ཡུམ་སློབ་གྲྭ ཁྱེད་ནི་མུན་སེལ་གྱི་སྒྲོན་མེ་སྟེ། འོད་ཀྱིས་བྱུགས་ཤིང་དྲོད་ཀྱིས་ཁྱབ། མ་ཡུམ་སློབ་གྲྭ ཁྱེད་ཀྱིས་བདག་ལ་གནང་བ་ཡོད་ཚད་ངས་སེམས་ཀྱི་གང་བུ་རུ་བཅུག་ནས། ཁྱེད་ཀྱི་བགྲང་བྱ་སུམ་ཅུའི་འཁྲུངས་སྐར་ལ་མེ་ཏོག་གི་མཆོད་པ་འབུལ། མེ་ཏོག་འདིས་ཁྱེད་ལ་བཅངས་པའི་འགྱུར་མེད་ཀྱི་བརྩེ་དུང་མཚོན། མ་ཡུམ་སློབ་གྲྭ ཁྱེད་ནི་སྔོན་བྱོན་མེས་པོ་ཚོས་མཛད་པའི་ཤེས་བྱ་རིག་གནས་མ་ཉམས་དར་སྤེལ་དང་། ཉམས་པ་སླར་གསོ་བྱེད་སའི་ཤེས་བྱའི་ལྡུམ་ར་དེ་ཡིན།
མ་ཡུམ་སློབ་གྲྭ ཁྱེད་ཀྱི་ཁོང་ཡངས་ཀྱི་ཐུགས་དང་ལྷད་མེད་ཀྱི་དྲིན། བླ་ན་མེད་པའི་མཛད་རྗེས་སོགས་སྐྱེ་བོའི་མཐོང་ཆོས་སུ་གྱུར། མ་ཡུམ་སློབ་གྲྭ ཁྱེད་ནི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་རྟེན་གཞི་ཆེན་པོ་ཞིག་ཡིན་པས། ངས་ཁྱེད་ལ་མེ་ཏོག་གི་བསྟོད་པ་འབུལ་འདོད་ལ། ཁྱེད་ཀྱི་བྱ་གཞག་ལ་འབྲས་བཟང་སྨིན་པའི་བཀྲ་ཤིས་ཀྱི་ཁ་གཡང་འབོད་འདོད།