སྒྲུང་རིང《སྨན་པ་གྲྭ་ཚང》གི་རྩོམ་སྟངས་ཀྱི་ཁྱད་ཆོས་ལ་དཔྱད་པ།
སྒྲུང་རིང《སྨན་པ་གྲྭ་ཚང》ནི་སོག་པོའི་རྩོམ་པ་པོ་གྲགས་ཅན་ཨ་ཡོན་ཀ་ཡིས་སོག་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་རིང་གྲགས་ཅན་ཞིག་ཡིན་ཞིང་། དེ་ནི་2012ལོའི《ཁྲའོ་ལོ་མེན》ཞེས་པའི་སོག་ཡིག་གི་དུས་དེབ་དང་པོ་ནས་འགོ་བཙུགས་ཏེ་མུ་འགོད་བྱས་ཡོད། ལོ་དེའི་ཟླ་བ་10པའི་ནང་སོག་རིགས་གི་ལོ་ཙཱ་བ་ཧཱ་སིན(哈森)གྱིས་རྒྱ་ཡིག་ཏུ་བསྒྱུར་ཏེ། 2013ལོའི《མི་དམངས་རྩོམ་རིག》དེབ་བཅུ་གཉིས་པར་བཀོད་ཡོད། 2014ལོར་སྒྲུང་རིང་འདིའི་རྩོམ་པ་པོ་དང་རྒྱ་འགྱུར་ལོ་ཙཱ་བ་ཧཱ་སིན་གཉིས་ལ་ནང་སོག་གི་ཆེས་མཐོའི་རྩོམ་རིག་བྱ་དགའ་སྟེ། ཏའོ་རི་ཎ་རྩོམ་རིག་བྱ་དགའ་ཆེན་པོ་དང་ཏའོ་རི་ཎ་ལོ་ཙཱ་བའི་བྱ་དགའ་ཐོབ། དེའི་རྗེས་སུ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་དང་། མི་དམངས་རྩོམ་རིག་དུས་དེབ་ཁང་། མི་རིགས་རྩོམ་རིག་དུས་དེབ་ཁང་སོགས་སྡེ་ཚན་ལྔས་མཉམ་དུ་སྒྲུང་རིང་དེར་ཆེད་མངགས་དཔྱད་མོལ་བྱེད་པའི་ཚོགས་འདུ་པེ་ཅིང་དུ་འཚོགས། 2020ལོར་ཚེ་རིང་དབང་ལྡན་ནམ་ཙཱ་ལན་ཨུ་ནུ་ཡིས་སྒྲུང་རིང་དེ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། གཞན་སྒྲུང་རིང་དེ་དབྱིན་ཡིག་ཏུའང་བསྒྱུར་ནས་དཔེ་སྐྲུན་བྱས་པར། རྒྱལ་ཁབ་ཕྱི་ནང་གཉིས་སུ་ཚུར་སྣང་ལན་ཆ་ཆེ་ཙམ་བྱུང་ཡོད།
དང་པོ། 《སྨན་པ་གྲྭ་ཚང》གི་ནང་དོན་མདོར་བསྡུས།
བརྩམས་སྒྲུང་དེར་ཡོན་རྒྱལ་རབས་ཀྱི་མཇུག་དང་མན་ཆིང་རྒྱལ་རབས་ཀྱི་དུས་འགོར་ཡོན་ཀྱི་རྒྱལ་ས་མེར་བསྲེགས་པ་དང་། ཐའེ་ཅི་མུའུ་པེ་ཅིན་དུ་སྐྱོད་སྐབས་ཐབས་ཤེས་བཏང་ནས་མེ་སྐྱོན་ཆེན་པོའི་ཁྲོད་ནས་སྨན་གཞུང་ཞིག་མྱུར་སྐྱོབ་བྱས་ཏེ་ནང་སོག་འུར་བསྡུས(鄂尔多斯)ལ་ཁྱེར། སྨན་གཞུང་དེ་དང་ཐོག་ལོ་མང་པོར་དམངས་ཁྲོད་དུ་ཉར་ཚགས་བྱས་པ་དང་། ཕྱིས་སུ་འུར་བསྡུས་ཕྱོགས་སུ་སྨན་པ་གྲྭ་ཚང་བཏབ་རྗེས་དེ་གར་ཉར་ཚགས་བྱས། སྨན་པ་གྲྭ་ཚང་གིས་ལྐོག་གྱུར་གྱི་སྨན་གཞུང་དེ་གསང་བའི་སྒོ་ནས་ཉར་ཚགས་གང་ལེགས་མཛད་མོད། སྨན་གཞུང་དེར་འགྲམ་ཆུ་ལྡང་མཁན་མང་པོ་བྱུང་། དོན་དམ་དུ་སྨན་གཞུང་དེ་གནས་གང་ཞིག་ཏུ་སྦས་པ་དང་སུའི་ལག་ཏུ་ཡོད་མེད་གྲྭ་ཚང་གི་མཁན་པོས་མ་གཏོགས་གཞན་སུས་ཀྱང་མི་ཤེས་ལ། མཁན་པོ་སྔ་མ་ལོ་ན་རྒས་ནས་རྒན་ཡོལ་ཞུས་རྗེས་ད་གཟོད་རྒྱུན་འཛིན་གྱི་མཁན་པོ་རྗེས་མར་སྨན་གཞུང་དེ་གར་ཡོད་སོགས་བརྒྱུད་སྤྲོད་བྱེད་དགོས་པ་ཞིག་ཡིན་འདུག ལས་ཐོག་མཁན་པོ་བློ་བཟང་དགུང་ལོ་ལྔ་བཅུ་ང་གསུམ་བཞེས་སྐབས་མཁན་པོ་རྗེས་མར་སྨན་གཞུང་དེ་བརྒྱུད་སྤྲོད་བྱེད་ལོང་མ་བྱུང་བར་གློ་བུར་དུ་སྐུ་གཤེགས་པས། སྨན་གཞུང་དེ་སྨན་པ་གྲྭ་ཚང་གི་གསང་བ་ལྐོག་གྱུར་ཞིག་ཏུ་གྱུར། ཕྱི་ནང་གི་མི་མང་པོས་གསང་བའི་སྨན་གཞུང་དེ་ཐོབ་འདོད་ཀྱི་ཧམ་སེམས་འཆང་བཞིན་དར་རྒྱལ་པོ་ཕུ་ནུའི་དབར་དང་། བཙུན་མོ་དང་བཙུན་མོའི་དབར། སྨན་པ་གྲྭ་ཚང་གི་གྲྭ་པ་ཕན་ཚུན་དབར། མན་ཆིང་དམག་དང་སྨན་པ་གྲྭ་ཚང་སོགས་ཀྱི་དབར་ལ་ཁྱོད་ཤི་ང་གསོན་གྱི་ལྐོག་ཇུས་བཤམས་ཤིང་འགལ་བ་མང་པོ་བྱུང་ནས་གསང་བའི་སྨན་གཞུང་འཚོལ་བའི་ཡོ་ལང་དེ་གཏན་ནས་མཚམས་བཞག་མྱོང་མེད། མཇུག་མཐར་སྨན་པ་གྲྭ་ཚང་གི་ལས་ཐོག་མཁན་པོས་ཐབས་མཁས་ཀྱིས་གྲྭ་པ་རྣམས་སྨན་བླའི་ལྷ་ཁང་དུ་བསྐོངས་ནས་གསང་བའི་སྨན་གཞུང་དེ་བཤུ་འབྲི་ཧ་ཅང་མང་པོ་བརྒྱབ་པ་དང་། མཐར་སྨན་གཞུང་གི་གནས་ཚུལ་སྦ་གསང་མེད་པར་ཀུན་ལ་ཁྲོམ་བསྒྲགས་བྱས་པས་རྙོག་དྲ་དང་འགལ་བ་ཡོད་ཚད་ལྷིང་འཇགས་སུ་གྱུར། གསང་བའི་སྨན་གཞུང་དེ་ལག་ལ་ཐོབ་འདོད་ཀྱི་ཧམ་པ་ཅན་རྣམས་ལ་རྒོལ་ལན་དྲག་པོ་སྤྲད་དེ། གསོ་རིག་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་གང་ལེགས་ཐུབ་ཅིང་། ལྷག་པར་མིའི་རིགས་ཀུན་ལ་ཕན་པའི་སྨན་གཞུང་རྩ་ཆེན་དེ་ཁྱབ་གདལ་ལེགས་པར་བཏང་ཡོད།
གཉིས་པ། སྒྲུང་རིང《སྨན་པ་གྲྭ་ཚང》གི་མི་སྣའི་སྣང་བརྙན་དང་གཤིས་ཀ་བཞེངས་སྐྲུན།
གཅིག མི་སྣའི་སྣང་བརྙན།
སྒྲུང་རིང《སྨན་པ་གྲྭ་ཚང》དུ་དཔའ་བོའི་སྣང་བརྙན་མཚོན་པའི་མི་སྣ་གཙོ་བོ་དག་ནི་ཆོས་ལུགས་ཀྱི་མི་སྣ་གཙོ་བོ་དག་ཡིན་ཏེ། དཔེར་ན་སྨན་པ་གྲྭ་ཚང་གི་མཁན་པོ་བློ་བཟང་དགུང་ལོ་ལྔ་བཅུ་ང་གསུམ་ལ་མ་སླེབས་གོང་གསང་བའི་སྨན་གཞུང་ལ་སྲུང་སྐྱོབ་བྱེད་ཕྱིར་ཕྱི་རོལ་དུ་སྐུ་གཤེགས་ཤིང་། སྨན་པ་ཚུལ་ཁྲིམས་དང་ལྷ་འབྱོར་གཉིས་ཀས་རང་རང་ས་ནས་སྨན་གཞུང་རྩོམ་པ་ལ་འབད་བརྩོན་དང་། རང་གི་དགེ་ཕྲུག་གི་མི་ཚེའི་མདུན་ལམ་ལ་དོ་ཁུར་དང་ལམ་སྟོན་གནང་བ། སྨན་པ་གྲྭ་ཚང་གིས་གསང་བའི་སྨན་གཞུང་ལ་ལྷག་བསམ་ཟོལ་མེད་ཀྱིས་སྲུང་སྐྱོབ་བྱེད་པ། སྨན་པ་གྲྭ་ཚང་ཆགས་འཇིག་གི་ཉེན་ཁའི་དུས་སུ་མཐའ་གཅིག་ཏུ་ཕར་རྒོལ་བྱེད་པའི་དཔའ་བོའི་སྙིང་སྟོབས་དང་བྱམས་བརྩེ་ལྡན་པའི་སྨན་པ། གཞུང་དྲང་བའི་དགེ་རྒན་བཅས་ཀྱི་སྣང་བརྙན་མཚོན་འདུག ལྷག་པར་དུ། སྨན་པ་གྲྭ་ཚང་གི་ལས་ཐོག་མཁན་པོ་ནི་ནམ་ཡང་སྒམ་བརླིང་དང་གཟབ་ནན་ཡིན་པར་མ་ཟད། མཐའ་མའི་རྒྱལ་ཁ་ཐོབ་དོན་ཡང་ཁོང་གི་ཐབས་མཁས་དང་རང་ཚུགས་ལ་རག་ལས་པ་ཞིག་རེད། སྒྲུང་འདི་དང་བོད་ཀྱི་རྩོམ་པ་པོ་དོན་གྲུབ་རྒྱལ་གྱིས་བརྩམས་པའི་བརྩམས་སྒྲུང《སྤྲུལ་སྐུ》གཉིས་བསྡུར་ཚེ་སྣང་ཚུལ་གོ་ལྡོག་པ་ཞིག་མངོན་ཡོད་དེ། 《སྤྲུལ་སྐུ》ཡི་ནང་དུ་ཆོས་ལུགས་ཀྱི་ཕྱི་གོས་ཙམ་གྱོན་ནས་ཁྲིམས་འགལ་ལུགས་འགལ་གྱི་སྦྱོར་བ་སྤེལ་མཁན་གྱི་སྤྲུལ་སྐུ་རྫུན་མ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་ནའང་། སྒྲུང་རིང《སྨན་པ་གྲྭ་ཚང》ནང་ཆོས་ལུགས་མི་སྣ་དག་ནི་དྲང་ཕྱོགས་ཀྱི་མི་སྣ་འབའ་ཞིག་ཡིན་ཞིང་། ལྷག་པར་དུ་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་ལྟ་བུའི་གསང་བའི་སྨན་གཞུང་གིས་མི་རིགས་རིག་གནས་ཀྱི་གལ་ཆེའི་རིན་ཐང་ནན་གྱིས་བརྗོད་འདུག
གཉིས། མི་སྣའི་གཤིས་ཀ་བཞེངས་སྐྲུན།
སྒྲུང་རིང་འདི་ལས་མི་སྣ་གཙོ་བོ་སྟེ་གྲྭ་པ་བཟོད་པའི་དགྲ་ཤ་ལེན་པའི་སྔ་གཞུག་གི་བསམ་བློའི་འགྱུར་ལྡོག་མཚོན་ཡོད། ཁོ་ཐོག་མར་ཞེ་འཁོན་གྱི་མེ་ལྕེས་ནང་སེམས་སྲེག་བཞིན་པའི་སྐབས་བླ་མའི་སྙིང་རྗེ་དང་ལྷག་བསམ་གྱིས་སེམས་གསོ་ཐོབ་ཡོད་དེ། “སྨན་ནི་བྱམས་སེམས་ཅན་གྱི་ལག་ནས་མི་སྲོག་སྐྱོབ་བྱེད་ཀྱི་བདུད་རྩི་དང་། མི་ངན་ལག་ནས་གཞན་སྲོག་འཕྲོག་བྱེད་ཀྱི་དུག་ནག་ཁོལ་མ་ཡིན”ཞེས་སྨན་གྱི་སློབ་དཔོན་ལྷ་འབྱོར་གྱིས་བསླབ་བྱ་གང་མང་གནང་། བར་དུ་བཟོད་པར་དགྲ་ཤ་ལེན་པའི་གོ་སྐབས་བྱུང་དུས། ཁོའི་ནང་སེམས་ལ་འགྱུར་ལྡོག་འདི་ལྟར་བྱུང་སྟེ། “མིའི་ནང་སེམས་ནི་ཅི་འདྲའི་ཡ་མཚན་ཆེ་བ་ཞིག་རེད་ཨང་། ཁོས་རྗེས་ནས་གཅུད་པའི་སྨན་ཐུམ་ལྔ་པོ་གསེར་སྐྱིད་ལ་སྟེར་བའི་སྐད་ཅིག་མར་མིག་ལམ་དུ་ཡུམ་ཆེན་མཐོང་བ་ལྟ་བུ་བྱུང་ཞིང་། སྐད་ཅིག་མ་དེར་ཡུམ་ཆེན་བཙུན་མོ་ཨོ་རོན་ཐའོ་ཀོ་སིར་གྱུར་པའི་འཕྲུལ་སྣང་སྐྱེས། བུད་མེད་ཡོད་ཚད་གཅིག་མཚུངས་རེད། འདི་ལྟར་ཁོས་རྗེས་ནས་གཅུད་པའི་སྨན་ཐུམ་ལྔ་པོ་དམ་པོར་འཛིན་མ་ཐུབ་པར་ཐང་ལ་ལྷུང”ཞེས་བཟོད་པའི་དགྲ་ཤ་ལེན་འདོད་ཀྱི་ཐོག་མའི་ཞེ་སྡང་དེ་ཞི་ལྷོད་དུ་གྱུར། མཐའ་མར“མི་སུ་ཞིག་གི་སྟེང་ལ་ཞེ་འཁོན་བཟུང་ཡང་མངལ་གྱི་བྱིས་པར་ཞེ་འཁོན་འཛིན་སྲོལ་གཏན་ནས་མེད། ནད་བཅོས་སྲོག་སྐྱོབ་སྐབས་སྨན་པར་ཐེ་ཚོམ་སྐྱེ་བའི་དབང་ཆ་མེད”ཅེས་པའི་སློབ་དཔོན་ལྷ་འབྱོར་གྱི་སྐད་ཆ་ཡིད་ལ་དྲན་བཞིན། བཟོད་པའི་དགྲ་ཤ་ལེན་རྒྱུའི་ཞེ་སྡང་ཇེ་ཆུང་དུ་ཕྱིན་པ་མ་ཟད་མཐའ་མར་གཏན་ནས་མེད་པར་གྱུར། དེ་མིན་ཁོ་རང་གོང་མའི་རྒྱུག་ཁྱི་སྟེ་བཟང་པོ་ཟེར་བའི་ཁྲམ་པ་དེའི་ཁ་གཏད་དུ་ལངས་ནས་དགྲ་བོ་ཨོ་རོན་ཐའོ་ཀོ་སིར་གྱི་མངལ་གྱི་བྱིས་པ་སྐྱོབ་པ་ལ་བློ་གཅིག་སེམས་གཅིག་གིས་འབད་པའི་བསམ་བློའི་འགྱུར་ལྡོག་དང་། སོབ་ཏོ་ཏཱ་ལེ་ལ་གྲྭ་པ་སྦྱིན་པས་ཡིད་ཆེས་ཐོབ་པ་དང་གསང་བའི་སྨན་གཞུང་མོ་ལ་བཅོལ་བ་སོགས་ཀྱིས་མོའི་བསམ་བློ་ལ་འགྱུར་བ་ཐེབས་པ། བཟོད་པ་དང་སོབ་ཏོ་ཏཱ་ལེའི་བསམ་བློའི་འགྱུར་ལྡོག་སོགས་གང་ལ་བལྟས་ཀྱང་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བཟུང་བའི་ལྟ་སྟངས་དང་ལངས་ཕྱོགས། སྲོལ་རྒྱུན་རིག་གནས་ཀྱི་དར་རྒུད་ལ་བསམ་བློ་གཏོང་བའི་ཚུལ་རྣམས་མི་སྣའི་གཤིས་ཀ་དང་འབྲེལ་བའི་མཚོན་སྟངས་གཞན་དང་མ་འདྲ་བ་ཞིག་རེད། གཞན་ཡང་སྒྲུང་རིང《སྨན་པ་གྲྭ་ཚང》དུ་གྲྭ་ཚང་མཁན་པོས་“ཁྱོད་ཚོས་སྨན་གཞུང་དེ་ཉེན་ཁར་འཕྲད་རྒྱུ་རེད་བསམ་ནས་སེམས་ཁུར་བྱེད་མི་དགོས། ད་ལྟ་ཚང་མ་སྨན་བླའི་ལྷ་ཁང་དུ་འདུས་དང་། སྨན་གཞུང་དེ་མི་ངན་གྱི་ལག་ཏུ་མི་ཤོར་ཆེད་ང་ཚོས་མྱུར་མོར་དོན་ཆེན་ཞིག་སྒྲུབ་དགོས”ཟེར་ནས་སྨན་པ་གྲྭ་ཚང་གི་གྲྭ་པ་རྣམས་ལ་སྨན་གཞུང་བཤུ་འབྲི་བྱེད་དུ་བཅུག་པ་སོགས་མི་སྣའི་སྐད་ཆ་གང་གི་ཐད་ནས་བལྟས་ཀྱང་། རྩོམ་པ་པོས་ཆེད་དུ་དེ་དག་གི་ཤུགས་སུ་མཚོན་དོན་རྒྱ་ཆེན་པོ་ཞིག་ཀློག་པ་པོར་བསམ་བློ་གཏོང་རྒྱུར་སྤྲད་ཡོད།
གསུམ་པ། སྒྲུང་རིང《སྨན་པ་གྲྭ་ཚང》གི་ཐུན་མོང་མ་ཡིན་པའི་བྱུང་རིམ་འགོད་སྟངས།
གཅིག བྱུང་རིམ་ལ་མངོན་ལྐོག་རང་བཞིན་ལྡན་པ།
སྒྲུང་རིང《སྨན་པ་གྲྭ་ཚང》གི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ཐད་ལ་གབ་མངོན་གྱི་ཆ་ཧ་ཅང་མང་པོ་ཡོད་དེ། བརྩམས་སྒྲུང་ཧྲིལ་པོའི་ནང་དུ་སོག་པོའི་གསང་བའི་སྨན་གཞུང་བཙལ་བ་དང་དེ་ལ་སྲུང་སྐྱོབ་བྱེད་པ་ནི་དངོས་ཡོད་ཀྱི་ཁུངས་སྣེ་གཅིག་ཡིན་ལ། སྨན་པ་གྲྭ་ཚང་གི་མཁན་པོ་དང་མིག་མངས་མཁས་པ་གཉིས་ཀས་མིག་མངས་རྩེ་བ་ནི་གབ་པའི་ཆ་ནས་སྟོན་པའི་ཁུངས་སྣེ་གཞན་ཞིག་རེད། བརྩམས་སྒྲུང་ཆ་ཚང་བཀླགས་མྱོང་མཁན་ཞིག་ལ་མཚོན་ན། འདིའི་ནང་གི་སྨན་པ་གྲྭ་ཚང་ནི“མཐིལ་མེད་ཀྱི་གྲོག་རོང་ཆེན་པོ་ཞིག་སྟེ། ཤ་འཁོན་རྩོད་འདོད་པའི་གསར་བུ་ཞིག་གིས་ལུས་ལ་གྲྭ་ཆས་གྱོན་ནས་སྐུང་ས་དང་། སྨན་འཚོང་མཁན་དུ་རྫུས་པའི་གོང་མའི་སྲིད་གཞུང་གི་གསང་མྱུལ་བ་ཞིག་གིས་སོག་རིགས་ཀྱི་གསོ་རིག་སྨན་གཞུང་ལ་ཧམ་སེམས་འཆང་ནས་རྒྱུག་འདུར་འཐེན་ས། བུ་ཞིག་སྐྱེ་འདོད་ཀྱི་དར་རྒྱལ་པོའི་བཙུན་མོ་རྣམ་གཉིས་ལྐོག་ཇུས་མཁན་གྱི་ལག་ཆར་གྱུར་ནས་མདུན་ལམ་སྨུག་པས་འགེབ་ས་སོགས་ཡིན་པ”བཅས་སྨན་པ་གྲྭ་ཚང་ནི་དགོན་པའི་གྲྭ་ཚང་གཞན་དང་མི་འདྲ་བའི་ངོས་འཛིན་གསར་པ་ཞིག་ཐོབ་ཐུབ་པ་དང་། སྨན་པ་གྲྭ་ཚང་ནི་མི་སྣ་དེ་དག་གི་མི་ཚེ་དང་། ལས་དབང་། འཚོ་བ། སེམས་ཁམས་སོགས་ཀྱི་ནད་བཅོས་བྱེད་ས་གཙོ་བོ་ཡིན་པའང་ཤུགས་སུ་གོ་ཐུབ་པ་ཞིག་རེད། གཞན་ཡང་། དྲག་ཆར་ཆེན་པོ་ཞིག་བབས་པ་དང་མཉམ་དུ་སྨན་པ་དབང་ལྡན་གར་སོང་ཆ་མེད་དུ་གྱུར་པ་དང་དྲག་ཆར་ཁྲོད་ཏཱ་ལེན་ཐའེ་ཡིས་མདའ་དཔོན་སྐུ་ངོ་དང་བཙུན་མོ་འཆི་མེད་ཚེ་རིང་གཉིས་ཀྱི་སྙིང་རྗེ་བའི་བྱིས་པ་ཆན་ཏཱ་མོན་དེ་ས་ཆ་གཞན་དུ་བསྐྱལ་བ་ཡིན་ནའང་འདྲ། ཡང་ན་སོབ་ཏོ་ཏཱ་ལེས་དྲང་བདེན་གྱི་ཆེད་དྲག་ཆར་ཁྲོད་རྨ་ཆུའི་ནང་དུ་ལྕེབས་པ་ཡིན་ཡང་རུང་། སྨན་པ་གྲྭ་ཚང་ནི་ལྐོག་ཇུས་ཀྱི་ཐིག་ཤིང་འཐེན་སའམ། ཡང་ན་ནག་ཉེས་ཀྱི་རི་མོ་དག་ས་སོགས་གསང་བའི་སྨན་གཞུང་དང་འདྲ་བར། ཀློག་པ་པོ་རེ་རེའི་སེམས་སུ་གསང་བའི་གཏམ་རྒྱུད་མི་འདྲ་བ་རེ་རེ་འཆར་ཐུབ་པ་དང་། བརྩམས་སྒྲུང་གི་བྱུང་རིམ་སྣེ་མང་རྙོག་འཛིང་ཆེ་ཞིང་ཡིད་ཀྱི་དང་བ་འདྲེན་ཐུབ་པ་ཞིག་ཡོད།
གཉིས། བྱུང་རིམ་ཕན་ཚུན་ལ་གཞོགས་འདེགས་ཀྱི་ནུས་པ་ལྡན་པ།
ཀློག་པ་པོ་གདོན་མིག་ལགས་ཀྱིས། “སྒྲུང་འདི་ལས་གཏམ་རྒྱུད་ཕྲེང་རྒྱུད་དུ་བཤད་པའི་ཐབས་རྩལ་གྱིས་དོན་རྐྱེན་མང་པོ་མི་རྒན་གྱི་ཁ་སྤུ་བཞིན་འཛིང་དུ་བཅུག་པ་དེས་ཀློག་མཁན་གྱི་མགོ་རྙོག་པར་བྱེད་མོད། འོན་ཀྱང་། ཞིབ་ཏུ་བསམ་ན། གཏམ་རྒྱུད་མང་པོ་གནས(ལེའུ་གཅིག་ནང་དུ)གཅིག་ཏུ་རེབ་གཅིག་ལ་བཤད་ཐུབ་པའི་སྒྲིག་གཞི་དེ་ནི་ཁྱད་མཚར་བ་ཞིག་རེད་ལ། སྒྱུ་རྩལ་གྱི་བང་རིམ་མཐོན་པོ་ཞིག་ཀྱང་ཡིན་པས། དེ་ནི་རྩོམ་མཁན་གང་དེའི་བླ་མེད་ཀྱི་ཤེས་རབ་ཀྱང་ཡིན་པ་གདོན་མི་ཟའོ”ཞེས་བརྩམས་སྒྲུང་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་བསྟོད་པ་བྱས་ཡོད། 《སྨན་པ་གྲྭ་ཚང་》གི་སྒྲིག་གཞི་དང་བྱུང་རིམ་སྔ་ཕྱི་འབྲེལ་ཆགས་ཤིང་། ལེའུ་སྔ་མ་དག་གི་བྱུང་རིམ་དང་སྒྲིག་གཞི་བཀོད་པ་དག་ནི་ལེའུ་ཕྱི་མ་དག་གི་བྱུང་རིམ་དང་སྒྲིག་གཞིའི་རྨང་གཞི་ལྟ་བུ་ཞིག་ཡིན་ཏེ། དེས་བརྩམས་སྒྲུང་ཁྲོད་བརྗོད་གཞི་ཞིག་ནང་དུ་འདྲེན་དུས་བར་བརྒལ(过度)གྱི་ནུས་པ་འདོན་པའམ། བརྗོད་བྱ་ཁྱད་པར་ཅན་སྟོན་པར་རམ་འདེགས་བྱེད་པ་སོགས་ཀྱི་རིན་ཐང་ལྡན།
གསུམ། བྱུང་རིམ་ལ་གློ་བུར་བའི་འཕོ་འགྱུར་ཆེ་བ།
བརྩམས་སྒྲུང་ཀློག་སྐབས་ཀློག་པ་པོ་དག་གི་སེམས་སུ་སྨན་པ་གྲྭ་ཚང་དུ་ཕྱི་ནང་གི་མི་མང་པོས་གསང་བའི་སྨན་གཞུང་དེ་ཐོབ་འདོད་ཀྱི་ཧམ་སེམས་འཆང་བ་མ་ཟད། དར་རྒྱལ་པོ་ཕུ་ནུའི་དབར་དང་བཙུན་མོ་དང་བཙུན་མོའི་དབར། སྨན་པ་གྲྭ་ཚང་གི་གྲྭ་པ་དང་གྲྭ་པའི་དབར། ཆིང་དམག་དང་སྨན་པ་གྲྭ་ཚང་སོགས་ཀྱི་དབར་ལ་ཁྱོད་ཤི་ང་གསོན་གྱི་ལྐོག་ཇུས་དང་འགལ་བ་མང་པོ་ཞིག་བྱུང་ནས་གསང་བའི་སྨན་གཞུང་འཚོལ་བའི་ལས་དེ་གཏན་ནས་མཚམས་མི་འཇོག་པའི་སྣང་བ་སྐྱེས་མོད། ཡིན་ནའང་། བརྩམས་སྒྲུང་གི་མཇུག་ཏུ་གློ་བུར་དུ་བྱུང་རིམ་ཡོད་ཚད་གོ་ལྡོག་པ་ལྟར་འགྱུར་བ་ཆེན་པོ་བྱུང་བ་དེ་ནི་ཀློག་པ་པོ་དག་གི་བློ་ཡུལ་ལས་འདས་པ་ཞིག་རེད། ད་ལྟའི་བོད་ཀྱི་བརྩམས་སྒྲུང་ཁ་ཤས་ནང་བྱུང་རིམ་འགོད་སྟངས་ནི་ཆིག་རྐྱང་དང་ཐུན་མོང་གི་རང་བཞིན་ཅན། ཡང་ན་གཡོ་སྐྱོམ་ཅི་ཡང་མེད་པར་རང་ས་ནས་གོམ་པ་སྤོས་ནས་བསྡད་ཡོད་པའི་སྣང་ཚུལ་ཞིག་རྒྱུན་འབྱམས་སུ་བྱུང་དང་འབྱུང་བཞིན་ཡོད་པས་ན། བོད་འགྱུར་སྒྲུང་རིང《སྨན་པ་གྲྭ་ཚང》ཁྲོད་ཀྱི་རྩོམ་པ་པོའི་བྱུང་རིམ་འགོད་སྟངས་ནི་ཁྱད་མཚར་བ་ཞིག་ཡིན་ལ། འདི་ནི་རྩོམ་པ་པོར་བརྩམས་སྒྲུང་འབྲི་བའི་བློ་སྦྱོང་དམིགས་བསལ་བ་ལྡན་པའང་ཞར་དང་ཞོར་ནས་ཤེས་ཐུབ་པས། བོད་ཀྱི་གསར་རྩོམ་ལ་གཞོལ་མཁན་རྣམས་ཀྱིས་སློབ་སྦྱོང་བྱེད་རིན་འདུག་ཅེས་འབོད་སྐུལ་ཞུའོ།
(ལྷོ་ནུབ་མི་རིགས་སློབ་ཆེན་གྱི་2022ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཚེ་རིང་སྐྱིད)