ཉིང་ཁྲིའི་སྨན་གླིང་དུ།
རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་བཏོད་པ།
འདི་ནི་ཡག་དར་དང་ཚེ་རིང་སྒྲོལ་མས་བཏགས་ཟིན་པའི་ཁ་དཀྲིས་ལ་བཟོ་ལྟ་རྒྱག་བཞིན་པ།
འདི་ནི་ཡག་དར་གྱིས་གྲོང་ཚོའི་བུད་མེད་ལ་འཐག་རྩལ་སློབ་བཞིན་པ།
འདི་ནི་ཡག་དར་དང་ལས་མིས་ཁ་དཀྲིས་ལྟེབ་བརྩིགས་རྒྱག་བཞིན་པ།
ཟླ་བདུན་པའི་ཉིང་ཁྲི་སྨན་གླིང་གྲོང་ཁྱེར་གྱི་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་གཙང་སྦྲ་དོད་པའི་གྲོང་ཚོའི་ལམ་འགྲམ་དུ་ཁྱིམ་ཚང་ཚང་མའི་མདུན་གྱི་མེ་ཏོག་པད་མ་དང་། རྒྱ་སེ། སྐལ་བཟང་མེ་ཏོག་བཅས་མཚར་སྡུག་རྣམ་པར་བཀྲ སྨན་གླིང་ལྷོ་པ་རིགས་རས་འཐག་རྒྱན་གོས་ལས་སྣོན་ཁྲིད་སྦྱོང་ཁང་དུ་སྐྱོད་སྐབས“བདེ་སྐྱིད་འཚོ་བ་འབད་འཐབ་བྱས་པ་ལས་བྱུང”ཞེས་པའི་ཡི་གེ་དམར་པོ་མིག་ལམ་དུ་ལྷམ་མེར་མངོན། སྐེ་དཀྲིས་དང་། ལྟོ་ཕད། ཉལ་གདན། ལྷོ་པའི་རྒྱན་གོས་སོགས་ལག་ཤེས་ཐོན་རྫས་རིགས་10ལྷག་ཙམ་གྲལ་སྟར་འགྲིག་པོས་ཤེལ་སྒྲོམ་ནང་བསྒྲིགས་ཡོད་པ་དང་། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡག་དར་གྱིས་བུད་མེད་7གྱི་སྣེ་ཁྲིད་དེ་འཐག་ཁྲིའི་མདུན་དུ་བསྡད་དེ་ཅོག་ཁེབས་དང་། ཀམ་པ་ལི་སོགས་འཐག་བཞིན་འདུག
ལོ་41ལ་སླེབས་པའི་ཡག་དར་ནི་ཚལ་ཁྲོབ་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་མ་ཟད། གྲོང་ཚོར་སྐད་གྲགས་ཆོད་པའི་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཀྱང་རེད། 2007ལོར་ཡག་དར་གྱིས་ལྷོ་པའི་རས་འཐག་མངོན་མིན་ཤུལ་བཞག་གི་རྒྱུན་འཛིན་པ་ཡག་དབྱིའི་ས་ནས་རས་འཐག་ལག་རྩལ་སྦྱོང་འགོ་ཚུགས། 2014ལོར་འབྲེལ་ཡོད་སྡེ་ཚན་གྱི་རོགས་སྐྱོར་འོག་སྨན་གླིང་ལྷོ་པ་རིགས་ཀྱི་རས་འཐག་རྒྱན་གོས་ལས་སྣོན་ཁྲིད་སྦྱོང་ཁང་ཚལ་ཁྲོབ་གྲོང་ཚོར་བཙུགས་པ་དང་འབྲེལ་ལྷོ་པའི་ལག་ཤེས་བཟོ་རྩལ་མཁས་ཅན་ཡག་དབྱི་དགེ་རྒན་དུ་གདན་དྲངས་ནས་གྲོང་ཚོའི་ན་གཞོན་བུད་མེད་སྒྲིག་འཛུགས་བྱས་ཏེ་བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།
སྨན་གླིང་ལྷོ་པའི་རས་འཐག་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དམངས་ཁྲོད་སྒྱུ་རྩལ་པ་ཡག་དབྱིའི་རྒྱུན་འཛིན་དང་ས་གནས་སྲིད་གཞུང་གི་རོགས་སྐྱོར་འོག་ལྷོ་པའི་རས་འཐག་ལག་རྩལ་ལ་མི་དེ་བས་མང་བས་རྒྱུས་ལོན་དང་དགའ་པོ་བྱེད་ཀྱི་ཡོད་པ་མ་ཟད། ལྷོ་པའི་ཁྱད་ཆོས་ལྡན་པའི་རྒྱན་གོས་ལའང་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ནས་དཔལ་འབྱོར་གྱི་ཕན་འབྲས་ངེས་ཅན་ཐོན་ཡོད། 2007ལོའི་ཟླ་6པར་སྨན་གླིང་ལྷོ་པའི་རས་འཐག་བཟོ་རྩལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་དུ་བཅུག་པ་རེད།
མངོན་མིན་རིག་གནས་ཤུལ་བཞག“ལྷོ་པའི་ལག་ཤེས་བཟོ་རྩལ”རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བར་གཞོལ་བཞིན་པའི་ཡག་དར་གྱིས་2015ལོའི་ཟླ་10པར་སྣེ་ཁྲིད་དེ་ཚལ་ཁྲོབ་གྲོང་ཚོའི་ལྷོ་པའི་རས་འཐག་ཁྲིད་སྦྱོང་ཁང་དུ་ཚལ་ཁྲོབ་གྲོང་ཚོའི་ལྷོ་པའི་བྷོ་དཀར་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི་བཙུགས་པ་རེད།
ཀུང་སི་བཙུགས་རྗེས། ཡག་དར་གྱིས་བརྩོན་པའི་ལག་ཟུང་དང་ལྷོ་པའི་རས་འཐག་ལག་རྩལ་བྱང་པོར་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་བུད་མེད་20ལྷག་ཙམ་གྱི་སྣེ་ཁྲིད་དེ་ལྷོ་པའི་རས་འཐག་ལག་རྩལ་སློབ་སྦྱོང་དང་རྒྱུན་འཛིན་ལ་ཞུགས་ཏེ་ཇུས་འགོད་དང་བཏགས་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཁ་10ལྷག་ཙམ་གྱི་གྲངས་འབོར་100ལྷག་ཙམ་གཅིག་གྱུར་ཐོག་ཕྱིར་ཚོང་ཐབས་ལམ་བརྒྱུད་བཙོངས་པས་བུད་མེད་མི་རེ་ངོ་རེར་ལོ་རེར་དངུལ་སྨར་གྱི་ཡོང་འབབ་དམའ་ཤོས་སྒོར་2000འཕར་ཡོད་པ་རེད།
ལྷོ་པ་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་ཆབས་ཅིག་ལྷོ་པ་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ཀྱི་ཚོན་མདངས་དང་། སྤུས་ཀ རྒྱན་ཆ་བཅས་ཕྱོགས་གང་ཅིའི་ཐད་ལེགས་སུ་ཕྱིན་ནས་ལྷོ་པ་རིགས་ཀྱི་རྒྱན་གོས་ཀྱི་སྤྱོད་གོ་ཆོད་པའི་དགོས་མཁོ་བསྐངས་པའི་རྨང་གཞིའི་ཐོག་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་ཡོད།
“ད་ཆ་ང་ཚོས་བཏགས་པའི་སྐེ་དཀྲིས་ཀྱི་རྒྱུ་ཆ་ཚང་མ་བལ་རེད། བལ་སྐུད་རྒྱ་མ་2ལ་སྒོར་190དགོས་པ་དང་སྐེ་དཀྲིས་རེ་འཐག་པར་ཧ་ལམ་ཉིན་2ནས་3བར་འགོར་གྱི་ཡོད་པས་སྐེ་དཀྲིས་ཀྱི་རིན་གོང་སྒོར་480ཙམ་ཟིན་གྱི་ཡོད”ཅེས་ཡག་དར་གྱིས་བཤད།
ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བུད་མེད་ཀྱི་ལག་ཤེས་བསླས་འཐག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། འདི་ལོའི་ཟླ་6ཚེས་3ནས་5ཉིན་བར་སྨན་གླིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཧྲེན་ཀྲེན་གྲོང་ཁྱེར་རྒྱལ་མཁན་དར་སོའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ནས་ཚལ་ཁྲོབ་གྲོང་ཚོར“སྣ་མང་བུད་མེད་སློབ་ཁང”ཞེས་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། གསོ་སྦྱོང་ནང་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཀྱི་མཛེས་དཔྱོད་ཟུང་འབྲེལ་བྱས་ཏེ་ཁ་དོག་སྡེབ་སྒྲིག་དང་། འཁྱུག་རིས་བསླས་འཐག ལག་འཚེམ་རྒྱག་པ་སོགས་ཀྱི་ཐད་འགྲེལ་བཤད་ཞིབ་ཕྲ་སྒོས་འཐག་སྟངས་བསླབས་པ་མ་ཟད། རྒྱ་ཆེའི་བུད་མེད་ཀྱི་སྣེ་ཁྲིད་དེ་ཐུན་མོང་མ་ཡིན་པའི་ལྷོ་པའི་བསླས་འཐག་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་རྩོམ་ཡང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་པའི་རས་འཐག་ཁྲིད་སྦྱོང་ཁང་དུ་ད་ཆ་རས་འཐག་ལག་རྩལ་འགྲེམས་སྟོན་དང་། ཐོན་སྐྱེད། དགེ་རྒན་ཆེ་མོའི་ཁྲིད་སྦྱོང་། སྲུང་སྐྱོང་བཅས་གཞི་གཅིག་ཏུ་འདུས་ཤིང་། ཚལ་ཁྲོབ་གྲོང་ཚོའི་ལྷོ་པའི་རས་འཐག་ལག་རྩལ་དེའང“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞིར”བདམས་པ་རེད། ལྷོ་པའི་རས་འཐག་ཁྲིད་སྦྱོང་ཁང་གིས་ཡུལ་སྐོར་ཐོན་ཁུངས་འདྲེན་འགུགས་བྱེད་པ་མ་ཟད། ད་དུང་ལྷོ་པའི་མངོན་མིན་རིག་གནས་ཤུལ་བཞག་ལའང་ཁྲོམ་ར་བཏོད་ནས་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱས་ཡོད་པ་རེད།