ཡབ་ཀྱི་བཀའ་དྲིན།
མི་ཡི་ལུས་རྟེན་ལོ་ཟླའི་བང་གིས་བཅད། །
སེམས་ཀྱི་དྲན་པ་ཕྱི་ཡི་གཟུགས་ཀྱིས་ཀྱང་། །
གཡོ་བར་བྱེད་པའི་དྲན་པའི་མཚོ་ངོགས་སུ། །
ཕ་ཡི་གཟུགས་བརྙན་ལྷམ་མེ་ལྷན་ནེར་འཆར། །
མཐོ་བ་གནམ་གྱི་མཐོ་ཚད་མི་གསལ་ལ། །
དམའ་བ་ས་ཡི་ཟབ་ཚད་མི་ཤེས་མོད། །
ལང་ཚོ་དུས་ཀྱིས་གཙེས་པའི་དྲིན་ཆེན་ཕ། །
སྐད་ཅིག་ཉིད་ལ་བུ་ཡི་དོན་དུ་རྒས། །
སྤང་བླང་འབྱེད་པའི་ཐབས་ཤེས་བསྩལ་བ་དང་། །
ནོར་དང་བསོད་ནམས་གསོག་པའི་བློ་གྲོས་ཀྱང་། །
གསེར་གྱི་བུམ་པ་ལས་བྱུང་འོ་མ་ཡི། །
ངང་ཚུལ་ཇི་བཞིན་བུ་ཡི་རྣ་ལ་གཏད། །
རིག་པའི་གནས་དང་བདེ་བའི་དགའ་ཚལ་དུ། །
ཤེས་བྱ་ཡོན་ཏན་སྦྱོང་བར་མངགས་པ་དང་། །
དཀའ་ཚེགས་ཆེ་ཞིང་རྒྱུ་ཡིས་ཕོངས་གྱུར་ཀྱང་། །
བསགས་ཚད་འཛིན་པ་མེད་པར་བུ་ལ་སྦྱིན། །
རྟག་ཏུ་བུ་དང་ཁྱིམ་ཚང་འཚོ་ཚིས་སླད། །
རྐང་ལག་ཁྲག་དང་རྣག་གིས་གཙེས་ཀྱང་འབད། །
མཚན་མོ་ངལ་བ་གསོ་བའི་རྨི་ལམ་དུ། །
བུ་དང་ཁྱིམ་གྱི་གཞིས་ཀ་ཡང་ཡང་འཁོར། །
བུ་ཁྱོད་ཁོག་པའི་སྙིང་ལས་ལྷག་པར་འཛིན། །
བུ་ཁྱོད་མིག་འབྲས་ཇི་བཞིན་རྟག་ཏུ་སྲུང་། །
བུ་ཁྱོད་སྲོག་དང་འདྲ་བར་གཅེས་པར་བྱེད། །
དྲིན་ཆེན་ཕ་ལོ་བུ་ཡི་རྒྱབ་རི་ལགས། །
དྲིན་ཅན་འདི་འདྲ་རང་གི་མིག་འོག་ཏུ། །
ཡོད་དུས་ནོར་བུར་བརྩིས་ནས་སྲི་ཞུ་མཛོད། །
རྒྱུ་དང་ཁེ་གྲགས་ལོངས་སྤྱོད་གང་གིས་ཀྱང་། །
གཞལ་བར་དཀའ་བས་དྲིན་ལན་མྱུར་དུ་གསོལ། །