དུང་སེམས་ཀྱི་འགྱུར་ཁུག
སོར་རྩེའི་འགྱུར་ཁུག་ནས་ཐོན་ཞིང་། །
མགྲིན་པའི་མགུལ་རྒྱན་དུ་བྱས་པའི། །
ལོ་ཟླའི་བར་གསེང་གི་བྱམས་པ། །
མི་འགྱུར་བདག་འགྲམ་དུ་གནས་ཡོད། །
ཚོར་འདུ་ཚོགས་དྲུག་གི་རྗེས་ལ། །
བྲིས་པའི་རི་མོ་དེ་མ་བསུབས། །
ཚེ་གང་ཀྱོག་ལམ་གྱི་སྣང་ཡན། །
དཀར་དམར་པིར་རྩེ་ནས་བྲིས་ཡོང་། །
ཕར་དགའ་ཚུར་དུངས་ཀྱི་དགའ་འཁྱིལ། །
ནོར་བུ་མེ་འབར་དང་འདྲ་བྱུང་། །
འདྲིས་ཡུན་ལོ་ཟླ་ཡི་རི་མོ། །
དཀར་གཙང་ཤོག་ངོས་སུ་ཕབ་ཡོད། །
ཕྱི་རོལ་སྣང་བ་འདི་བན་བུན། །
ནང་གི་ཡིད་སེམས་འདི་རྟ་ཕོ། །
ཕྱི་ནང་མི་རྟག་གི་ཞལ་རས། །
མ་བཅོས་རང་གཤིས་སུ་གྲུབ་འདུག །
ཚིག་འབྲུ་མང་པོ་ཞིག་བསྡེབས་ནས། །
དགའ་སྐྱོའི་བརྩེ་སེམས་དེ་མཚོན་ཡོད། །
ལོ་ཟླའི་ཆར་རླུང་དེ་རྒོད་ཀྱང་། །
ནམ་ཡང་རྗེས་དྲན་དུ་བྱས་ཆོག །