དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྟོན་ཁ་ནི་སྙན་ངག་ཅིག་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྨྱུག་སོན་ནོར་སངས།   |     སྤེལ་དུས།  2024-08-18

    འབྲུ་དྲུག་སྙེ་མའི་རྦ་རླབས་འཕྱུར་བའི།

    གསེར་མདོག་གི་སྟོན་ཁ།

    ནས་ཞིང་གི་སྐྲ་ལོ་ཐུར་དུ་གུག་པའི།

    ཡིད་འོང་གི་སྟོན་ཁ།

    གྲོ་ནས་ཀྱི་བསུང་ཞིམ་གང་སར་འཐུལ་བའི།

    ལོ་ལེགས་ཀྱི་སྟོན་ཁ།


    གསེར་མདོག་གི་ན་བཟའ་བཞེས་པའི།

    མཛེས་སྡུག་གི་ཞིང་ཐང་གྲུ་བཞི།

    སྙན་ངག་ཅིག་གི་དབྱངས་འགྲོས་རེད།

    སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི།

    འབྲས་བུས་གཏམས་པའི་ཞིང་ཐང་གྲུ་བཞི།

    སྙན་ངག་ཅིག་གི་ནང་སྙིང་རེད།

    ནས་ཞིང་གི་སྐྲ་ལོ་གཅོད་པའི།

    བརྔ་བསྡུ་འཕྲུལ་ཆས་ཀྱི་སྒྲ་དབྱངས་བར་ནས།

    སོ་ནམ་ཞིང་པས་འཛུམ་མདངས་ཀྱི་མེ་ཏོག་གཏོར།

    འབྲུ་རྡོག་རེ་རེ་སྦར་མཐིལ་དུ་ལེན་པའི།

    སྐད་ཅིག་མའི་ཚོར་བའི་བར་གསེང་དེར།

    ཞིང་པའི་གདོང་ནས་འཛུམ་གྱི་མེ་ཏོག་བཞད།


    གསེར་མདོག་གི་སྟོན་ཁ།

    ཡིད་འོང་གི་སྟོན་ཁ།

    མདོར་ན།

    སྟོན་ཁ་ནི་སྙན་ངག་ཅིག་གི་བརྒྱུད་རིམ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།