དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དབྱར་གྱི་དཔལ་ཡོན་ཨེ་མ་མཚར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསོན་འདྲེ།   |     སྤེལ་དུས།  2024-08-18

    ཞོགས་པའི་ཁྲི་གདུགས་ཉི་འོད་ས་ལ་འཕྲོས། །

    ཆར་ཆུས་གསོས་པའི་མེ་ཏོག་སྣུམ་ཞག་དོད། །

    སྐྱི་བསེར་རླུང་གིས་དྲི་བསུང་ཕྱོཊ་བཞིར་ཁྱེར། །

    རྫ་ཆུ་བསིལ་མས་མཛའ་གཞས་ཡང་ཡང་གྱེར། །

    ཕྱེ་ལེབ་སྒེག་མོས་གར་ཐབས་སྣ་ཚོགས་ངོམ། །

    འཇའ་རིས་སྣ་ལྔས་གངས་རིར་མཐའ་རྒྱན་སྤྲས། །

    ཅང་ཤེས་རྟ་ཕོས་འཚེར་སྐད་བར་མེད་སྒྲོག །

    བཻཌཱུར་ཞུན་མས་བྲན་པའི་སྤང་གཞུང་དུ། །

    ནམ་མཁའ་ས་ལ་ལྷུངས་འདྲའི་མཚོ་མོ་མཛེས། །

    བྱ་རྒོད་ནམ་འཕང་གཏོད་འདྲའི་སྦྲ་གུར་མཛེས། །

    མུ་ཏིག་ཐང་ལ་གཏོར་འདྲའི་ལུག་ཁྱུའི་ཚོམ། །

    རང་བྱུང་ཁམས་ཀྱི་མཛེས་པའི་རྒྱན་ཆ་ལགས། །

    ཨེ་མ་ཉམས་དགའི་དབྱར་གྱི་དཔལ་ཡོན་འདི། །

    རི་མོ་མཁན་པོས་པིར་གྱིས་བཞེངས་པ་འདྲ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།