ཨ་མའི་ཚེ་ཡི་དར་རྒུད།
ལན་བུ་རྒྱ་ལྕང་ལོ་མར། །
མེ་ཏོག་ཕྲ་རྒྱན་བཏབ་ཡོད། །
པད་མའི་ཞལ་ཁྱིམ་ངོས་སུ། །
འཛུམ་དཀར་རི་མོ་བཀྲ་བྱུང་། །
ལང་ཚོའི་གཞོན་ཤ་མཛེས་པོར། །
ཁྲེལ་གཞུང་ཉི་ཟླ་རང་འཁོར། །
མ་ལོ་སྙིང་ལ་ཉེ་བོ། །
ཕ་ཁྱིམ་ནང་གི་གཅེས་ལོ། །
དར་མའི་ལང་ཚོ་སྨིན་དུས། །
མ་འདོད་མནའ་མར་བསྐྱལ་སོང་། །
ཕྱི་མིག་ཡུལ་ལ་ཐོགས་ནས། །
མིག་ཆུས་མཁུར་ཚོས་སྦངས་སོང་། །
ས་མཐའི་ཉིན་ཞག་རིང་མོར། །
སེམས་པ་ཡུལ་ལ་ཤོར་སོང་། །
དར་རྒུད་ལས་འཕྲོའི་ཁྲོད་དུ། །
མ་ཡི་ལང་ཚོ་རྒས་སོང་། །
ཁྱིམ་གཞིས་གཡང་ར་གྲུ་བཞིར། །
རིགས་ཀྱི་བུ་ཕྲུག་བཙས་སོང་། །
གནག་སྣུམ་སྐྲ་ཡི་ལན་བུར། །
ཁ་བའི་འདབ་མ་བབས་སོང་། །
རི་ཀླུང་ལྷས་འདབས་ཁྲོད་དུ། །
མི་ཚེའི་གཏམ་རྒྱུད་བྲིས་སོང་། །
ཨ་མ་བྱམས་སེམས་བདག་མོ། །
བུ་ངའི་སེམས་ཀྱི་ཉི་མ། །