ང་རང་གཏམ་བཤད་བྱེད་པར་དགའ།
སྤྱིར་མི་སོ་སོར་རང་ཉིད་ཀྱི་དགེ་མཚན་ལ་དཔག་པའི་དགའ་ཕྱོགས་རེ་ཡོད་ངེས་ཤིང་། ངའི་དགའ་ཕྱོགས་ནི་གཏམ་བཤད་བྱེད་རྒྱུ་དེ་ཡིན། དགའ་ཕྱོགས་དེ་འབྱུང་བའི་རྒྱུ་མཚན་ནི་ཨ་ཕ་དང་འབྲེལ་བ་དམ་ཟབ་ཡོད། ང་རང་ཆུང་ངུའི་དུས་སུ་ལས་ཀ་བྱེད་འདོད་ཤོས་ནི་ལད་མོ་བྱེད་རྒྱུ་དེ་ཡིན། དགོང་མོ་ཁ་ལག་ཟ་སྐབས་ཨ་ཕས་རྟག་པར་བརྙན་འཕྲིན་ནས་གསར་འགྱུར་ལྟ་གི་ཡོད་པས། ངས་ཀྱང་ཨ་ཕ་བཞིན་འབོལ་ཁྲིའི་ཐོག་ཏུ་བསྡད་ནས་ཧ་མ་གོ་ནའང་བལྟས་ནས་སྡོད་ཀྱི་ཡོད། དེ་ནས་ང་སློབ་གྲྭར་སོང་རྗེས་ཡིག་ངོ་ཆོད་པས། ངས་གསར་འགྱུར་དེ་ཚོའི་ནང་དོན་རེ་རེ་བཞིན་ཧ་གོ་བར་གྱུར།
ཉིན་ཞིག་ང་བརྙན་འཕྲིན་ལྟ་བཞིན་སྡོད་སྐབས། བརྙན་འཕྲིན་ནང་གི་གཙོ་སྐྱོང་བ་བུ་དང་བུ་མོ་དེ་ཚོས་སྐད་ཆ་ཆུ་རྒྱུག་རྒྱུག་ཤོད་ཐུབ་པར་ཡི་རང་ཚད་མེད་སྐྱེས་པ་དང་སྦྲགས། ང་རང་ཡང་དེ་འདྲ་ཞིག་ཏུ་གྱུར་ན་ཅི་འདྲའི་དགའ་བ་ལ་ཨང་སྙམ་བྱུང་།
དེ་རྗེས་ངས་གཏམ་བཤད་ཡག་པོ་བྱེད་ཤེས་པའི་ཆེད་དུ་རྟག་པར་དྲ་རྒྱ་དང་ཁྱུག་དབྱིངས་ནས་གཏམ་བཤད་ཀྱི་དུམ་བུ་ཡག་པོ་དེ་འདྲ་བཙལ་ཏེ། ཁོང་ཚོའི་སྐད་ཆ་ཤོད་ལུགས་དང་བཟོ་ལྟ། ལུས་ཀྱི་རྣམ་འགྱུར། བརྩེ་དུང་ངོམ་ཚུལ་བཅས་ཚང་མར་ལད་མོ་བྱེད་ཀྱི་ཡོད། དུས་རྒྱུན་ཁོང་ཚོས་བཤད་པའི་སྐད་ཆའི་ཁྲོད་ཀྱི་ཚིག་སྙན་པོའམ་གནས་ལུགས་རྒྱུ་མཚན་ཡོད་པའི་རིགས་ངས་ཟིན་བྲིས་ཆུང་ཆུང་དེའི་ཐོག་ཏུ་བཤུས་ཏེ་ངག་ལ་འཛིན་གང་ཐུབ་བྱེད་ཀྱི་ཡོད།
སློབ་ཆུང་ལོ་རིམ་ལྔ་པ་ཡིན་སྐབས། ང་ཚོ་འབྲི་རུ་རྫོང་སློབ་ཆུང་དང་པོར“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ་སོང་། རྒན་ལགས་ཀྱིས་ང་ཚོའི་འཛིན་གྲྭའི་ཚབ་བྱེད་མཁན་གྱི་གཏམ་བཤད་བྱེད་མཁན་སློབ་མ་གཅིག་དང་ཁྱིམ་བདག་གཅིག་ཞུགས་དགོས་ཀྱི་འདུག་པས། སུ་ཞུགས་འདོད་ཡོད་ཅེས་དྲིས་པར། ངས་ལག་པ་བརྐྱངས་ཏེ། “རྒན་ལགས། ང་ཞུགས་ཀྱི་ཡིན”ཞེས་བཤད། འགྲན་བསྡུར་དངོས་སུ་འགོ་ཚུགས་སོང་། སློབ་མ་འགའ་རེ་ངོ་ཚ་ནས་སྦོ་དགྱེ་དགྱེ་ཡང་བྱེད་མི་ཐུབ། ང་ནི་དེ་ལྟར་མ་ཡིན་པར་དེ་རིང་ང་ཚོའི་གྲོང་གསེབ་འཕེལ་རྒྱས་ཀྱི་གནས་ཚུལ་ཤོད་རྒྱུ་ཡིན་པས་ངོ་ཚ་རྒྱུ་ཅི་ཞིག་ཡོད་སྙམ་སྟེ་རང་ནུས་གང་ཡོད་བཏོན་པས། ང་ལ་འགྲན་བསྡུར་དེའི་ནང་བྱ་དགའ་ཨང་དང་པོ་ཐོབ་བྱུང་། ངས་རང་གི་གཟི་བརྗིད་མཚན་སྙན་ལག་ཁྱེར་དེར་ལྟ་བཞིན་སེམས་ལ་དགའ་བ་དཔག་མེད་སྐྱེས་བྱུང་།
ད་ལྟ་ང་རང་སློབ་འབྲིང་སློབ་མ་ཞིག་ཏུ་གྱུར་བས། གཏམ་བཤད་ཀྱི་གོ་སྐབས་ཀྱང་སྔར་ལས་མང་བ་འདུག ང་རང་སློབ་འབྲིང་དུ་སླེབས་ནས་དུས་ཡུན་རིང་པོ་མ་སོང་བར་སློབ་གྲྭས་གཏམ་བཤད་བྱེད་སྒོ་ཞིག་སྤེལ་སོང་། དེ་དུས་འཛིན་བདག་གིས་ང་ཚོའི་འཛིན་གྲྭར་གཏམ་བཤད་འགྲན་བསྡུར་དུ་ཞུགས་འདོད་ཡོད་པ་སུ་ཡོད་ཅེས་དྲིས་སོང་བས། འདི་གའི་སློབ་མ་ནི་སློབ་ཆུང་དུས་དང་གཏན་ནས་མི་འདྲ་བར་སློབ་མང་པོ་ཞིག་གིས“ང་ཡིན”དང“ཁོ་ཡིན”ཞེས་ཧབ་ཐོབ་རྒྱག་གི་འདུག
ཉིན་གཉིས་པར་ང་དང་གྲོགས་མོ་མཉམ་དུ་ལུས་རྩལ་རྩེ་བར་འགྲོ་རྩིས་བྱེད་སྐབས། རྒན་ལགས་ཀྱིས“འཆི་མེད་གཡང་འཛོམས། འདིར་ཤོག ང་ཚོའི་འཛིན་གྲྭའི་གཏམ་བཤད་བྱེད་མཁན་ཁྱོད་ཡིན་པས། གྲ་སྒྲིག་ཡག་པོ་བྱེད་དགོས”ཞེས་གསུངས། ཨ་ཅང་ཅང་། ངའི་སེམས་ལ་དགའ་སྣང་དང་སྤྲོ་བས་ཁེངས་པའི་མོད་ལ། དངངས་སྐྲག་ཅུང་ཟད་སྐྱེས་ནས་ལུས་ཡོངས་ཚ་བེར་བེར་བྱེད། ངའི་གཏམ་བཤད་ཀྱི་ཁ་བྱང་ལ། “མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ་བྱེད་རྒྱུ་ནམ་ཡང་ཡིད་ལ་བཅངས”ཞེས་པ་དེ་ཡིན། འགྲན་སྡུར་དེར་ཞུགས་པ་བརྒྱུད། ང་རང་ལ་ལོ་རིམ་བདུན་པའི་འགྲན་ཁག་གི་སྦྱངས་འབྲས་ཨང་དང་པོ་ཐོབ་ཅིང་། ངས་རང་གི་དགའ་ཕྱོགས་དེའི་ཆེད་དུ་མུ་མཐུད་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་ཀྱང་བཞག་པ་ཡིན།
(མཛུབ་སྟོན་དགེ་རྒན། དགའ་བཟང)