དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་རང་ཡིག་གཟུགས་སྦྱོང་བར་དགའ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དབྱངས་ཅན་དབང་མཚོ།   |     སྤེལ་དུས།  2024-08-18

    ང་རང་ལོ་རིམ་གསུམ་པའི་སྐབས། ང་ཚོའི་བོད་ཡིག་དགེ་རྒན་གྱིས་ང་དང་སློབ་གྲོགས་གཉིས་གསུམ་ཞིག་ལ་དམིགས་བསལ་གྱི་ལས་འགན་ཞིག་སྤྲད་པ་སྟེ། དེ་ནི་ཐང་གའི་ཐོག་ཡིག་གཟུགས་ཐོན་པོས་ཡི་གེ་འབྲི་རྒྱུ་དེ་རེད། ངས་ཐང་གའི་ཐོག་ལ་ཡི་གེ་དེ་ཙམ་འབྲི་མི་ཤེས་པས། ཨ་མས་ང་དང་གཅུང་མོ་ཨ་ཁུའི་གམ་དུ་སོང་ཟེར། ང་ཡི་ཨ་ཁུ་ནི་དགུང་ལོ་བཞི་བཅུ་ཙམ་ལ་སླེབས་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་ནི་ཡིག་གཟུགས་ལ་ཤིན་ཏུ་མཉེས་པོ་གནང་མཁན་ཞིག་རེད།

    ཨ་ཁུ་ཞོགས་པ་སྔ་པོ་ནས་བཞེངས་ཏེ་ཚོགས་ལ་ཕེབས་དགོས་པས། ཚོགས་ལ་ཕེབས་རིང་གཅུང་མོ་ངེད་གཉིས་གཅིག་པུར་སྡོད་དགོས་པར་སེམས་ཁྲལ་ལངས་ཏེ། སྤོ་བོ་ལགས་ང་ཚོར་ལྟ་རྟོག་བྱེད་པར་མངགས། དེ་དུས་ངེད་གཉིས་ཀྱི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་བ་དང་། ཉལ་ཚར་རྗེས་དགའ་སྣང་གིས་གཉིད་ཀྱང་དེ་ཙམ་མ་ཁུག

    ཡིག་གཟུགས་སྦྱོང་བའི་ཉིན་དང་པོ་ནས་བཟུང་། ང་དང་གཅུང་མོས་སྔ་པོ་ནས་ལངས་ཏེ་ཁ་ལག་བཟས་རྗེས་ཡིག་གཟུགས་སྦྱོང་གི་ཡོད། ངེད་གཉིས་ཀྱིས་ཨ་ཁུས་གསུངས་པའི་ཡི་གེ་འབྲི་སྟངས་རྣམས་རེ་རེ་བཞིན་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་ངེས་ཏེ་ཡི་གེ་འབྲི་སྦྱོང་བྱས་པས། ཉིན་བཅུ་ལྷག་གི་ནང་དུ་ཡིག་གཟུགས་འབྲི་རྩལ་ལ་ཡར་རྒྱས་ཆེན་པོ་ཕྱིན་སོང་། ཉིན་ཞིག་ཨ་ཁུས་སང་ཉིན་ང་ཚོས་ཐང་གའི་ཐོག་ཡི་གེ་འབྲི་དགོས་ཟེར་བས། ང་གློ་བུར་དུ་སེམས་འཚབ་འགོ་བརྩམས། རྒན་ལགས་ཀྱིས་སྨྱུག་ཁ་6.0ཡིས་བྲིས་ཟེར་མོད། ཨ་ཁུས་དེས་མ་བྲིས་པར་སྨྱུག་ཁ་3.8ཅན་གྱི་སྨྱུ་གུ་ཞིག་གནང་ནས་དེ་རིང་འདིས་ཡག་པོ་སྦྱོངས་ཟེར། དེའི་ཕྱི་ཉིན་ནས་འགོ་བཙུགས་ཏེ་བྲིས་པ་ཡིན། ངས་ནན་ཏན་གྱིས་བྲིས་ཏེ་འབྲི་མཚམས་ཕྱེད་ཀ་ཙམ་ལ་སླེབས་སྐབས་སྤོ་བོ་ལགས་ཕེབས་བྱུང་། སྤོ་བོ་ལགས་ཀྱིས་ངའི་ཡི་གེར་གཟིགས་བཞིན་བསྟོད་བསྔགས་བཏང་བས་སེམས་ལ་ཧ་ཅང་དགའ་པོ་བྱུང་།

    དེ་ནས་སློབ་འགོ་ཚུགས་རྗེས་ངས་བྲིས་པའི་ཡི་གེ་དེ་དགེ་རྒན་ལ་བསྟན་པར། དགེ་རྒན་གྱིས། འདི་ཁྱོད་ཀྱིས་བྲིས་པ་ཡིན་ནམ་ཞེས་དྲིས་བྱུང་། ངས་མགོ་བོ་ལྕོག་ལྕོག་གིས་ཡིན་ཞེས་ལན་བཏབ་པས། རྒན་ལགས་ལ་དགྱེས་ཚོར་ཆེན་པོ་བྱུང་སོང་།

    ལོ་རིམ་བཞི་པར་སླེབས་སྐབས་སློབ་གྲྭས་ཡིག་གཟུགས་འགྲན་བསྡུར་ཞིག་སྤེལ་གྱི་ཡོད་ཚུལ་གོ་བ་དང་། ད་དུང་ཐང་གའི་སྟེང་ལ་འབྲི་ཆོག་ཟེར་བས། ངས་ཀྱང་ཐེ་ཚོམ་མེད་པར་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་པ་ཡིན། ཉིན་གཉིས་ཙམ་གྱི་རྗེས་སུ་གཟེངས་བསྟོད་སྤྲོད་པའི་ཚོགས་འདུ་འཚོགས་ནས་ང་ཚོ་ཡིག་གཟུགས་འབྲི་མཁན་ཚོ་ལ་གཟེངས་རྟགས་རེ་གནང་བྱུང་།

    ང་ཡིག་གཟུགས་སྦྱོང་བར་དགའ་པོ་ཡོད། ང་ཙམ་མ་ཟད་ང་ལ་གཅུང་མོ་གཅིག་དང་གཅུང་པོ་གཅིག་ཡོད་པ་ཁོ་གཉིས་ཀྱང་ཡིག་གཟུགས་སྦྱོང་བར་དགའ་པོ་ཡོད། ང་རང་སློབ་འབྲིང་དུ་སླེབས་རྗེས། སྐབས་རེར་འཛིན་གྲྭའི་རྒྱབ་ངོས་ཀྱི་ནག་པང་ཐོག་ནག་པང་ཚགས་པར་འབྲི་དགོས་པས། ནག་པང་ཐོག་བོད་ཡིག་འབྲི་མཁན་ང་རང་ཡིན། ལོ་རིམ་གསུམ་པ་ནས་བཟུང་ད་ལྟའི་ལོ་རིམ་བདུན་པ་བར་ངས་ཡིག་གཟུགས་སྦྱོང་མཚམས་འཇོག་མྱོང་མེད། ང་རང་དངོས་གནས་ཡིག་གཟུགས་སྦྱོང་བར་ཧ་ཅང་དགའ་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།