རླུང་འཕྲིན་ཡིག་སྒྱུར་གྱི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ།
རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཡིག་སྒྱུར་གཞན་ལ་ཚང་དགོས་པའི་ཆ་རྐྱེན་དང་ཡིད་གཟབ་བྱེད་དགོས་རིགས་ཕུད། རླུང་འཕྲིན་གསར་འགྱུར་རང་ངོས་ལ་གཞིགས་པའི་ངེས་པར་དུ་ཡིད་གཟབ་བྱེད་དགོས་པའང་འགའ་ཡོད་པས། རྩོམ་ཡིག་འདིར་གཙོ་བོ་རང་ཉིད་ཀྱི་ལོ་མང་གི་ཡིག་སྒྱུར་གྱི་ཉམས་མྱོང་ལས་འཕྲོས་ཏེ། གསར་འགྱུར་ཡིག་སྒྱུར་གཞན་དང་རླུང་འཕྲིན་ཡིག་སྒྱུར་དབར་གྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆར་དབྱེ་ཞིབ་བྱས་ནས་དོགས་སློང་དང་སྦྲགས་རང་གི་ལྟ་ཚུལ་ཅུང་ཟད་གླེང་ཡོད།
གཅིག རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཚིག་བསྡུས་ཆེ་དྲགས་རྒྱུ་མེད། མ་གཞི་ང་ཚོས་བརྩམ་བྱ་གང་འདྲ་ཞིག་བརྩམས་རུང་ཚིག་བསྡུས་དོན་གསལ་ཞིག་ཡོང་བ་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན། ཡིན་ན་ཡང་། དེ་ནི་རྔ་ལ་གཞིགས་པའི་འཆམ་ཞེས་པ་ལྟར་ལས་རྟ་མགོ་ལུག་སྦྲེལ་བྱས་ན་ཡོང་ཐབས་མེད། དཔེར་ན། རླུང་འཕྲིན་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཚིག་བསྡུས་ཆེ་དྲགས་ན་རླུང་འཕྲིན་གསན་པ་པོས་གསར་འགྱུར་གྱི་ནང་དོན་ཧ་གོ་དོན་གསལ་ཡོང་མི་ཐུབ་སྟེ། དེང་སྐབས་རྒྱ་ཡིག་གི“民生”ཞེས་པ་དེ་ཚགས་པར་སོགས་གསར་འགྱུར་ཚན་པ་ཁག་གཅིག་གིས་དམངས་འཚོ་ཞེས་ཐད་སྒྱུར་བྱེད་བཞིན་ཡོད་པས། མ་གཞི་དེ་སྒྱུར་ལོག་པ་དང་མི་འཚམ་མི་འགྲིག་པ་ཞིག་མིན་ཡང་། རླུང་འཕྲིན་ནི་སྒྲ་ལ་བརྟེན་ནས་ཆ་འཕྲིན་བརྒྱུད་སྤེལ་བྱེད་མཁན་གྱི་སྨྱན་སྦྱོར་ཞིག་ཡིན་པའི་ཆ་ནས། རླུང་འཕྲིན་ཡིག་སྒྱུར་ཁྲོད་དམངས་འཚོ་ཞེས་པར་བསྒྱུར་ན། གསན་པ་པོས་ག་རེ་ཟེར་གྱི་ཡོད་མེད་གསལ་པོ་མི་ཡོང་བས། དེའི་ནང་དོན་རྣག་ཐོག་གཙག་འཁེལ་དང་ཡིད་ལ་ཟུག་པ་ཞིག་ཡོང་ཆེད་མི་དམངས་མང་ཚོགས་ཀྱི་འཚོ་བའམ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁ་སྟབས་ཞེས་ཁ་ཕྲལ་ནས་བསྒྱུར་ན་ལེགས་པར་མཐོང་། དེ་བཞིན་རྒྱ་ཡིག་གི“强基固本” ཞེས་པར་རྩ་སྲ་རྨང་བརྟན་ཞེས་པར་བསྒྱུར་འདུག་པ་དེའང་ངག་ནས་བརྗོད་བདེ་ལ་ཡིད་ལ་བཟུང་བདེ་བ་ཞིག་ཡོད་མོད། འོན་ཏེ། རླུང་འཕྲིན་ཡིག་སྒྱུར་ཁྲོད་རྩ་བ་སྲ་ཞིང་རྨང་གཞི་བརྟན་པ་ཞེས་ཁ་ཕྲལ་ནས་མ་བསྒྱུར་ན་རླུང་འཕྲིན་གསན་པ་པོ་གོ་མེད་ཚོར་མེད་དུ་གྱུར་པའི་ཉེན་ཁ་ཆེན་པོ་ཡོད་པ་ལྟ་བུ་རེད།
གཉིས། རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཡིག་སྐད་ཐལ་དྲགས་རྒྱུ་མེད། སྤྱིར་ན་ཁ་སྐད་སྔོན་དང་ཡིག་སྐད་རྗེས་ལ་བྱུང་བས། ཁ་སྐད་ནི་ཡིག་སྐད་ཀྱི་རྨང་གཞི་དང་། ཡིག་སྐད་ཀྱིས་ཁ་སྐད་ལ་མཛུབ་ཁྲིད་དང་ཁ་སྐད་ཚད་ལྡན་ཡོང་ཐབས་བྱེད་ཀྱི་ཡོད། འོན་ཏེ། རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཡིག་སྐད་ཐལ་དྲགས་རྒྱུ་མེད་ལ་ཕལ་སྐད་ཀྱང་ཤུགས་ཆེ་དྲགས་རྒྱུ་མེད་དེ། དཔེར་ན། རྒྱ་ཡིག་གི“旅游”ཞེས་པར་ལྗོངས་རྒྱུ་ཞེས་པར་བསྒྱུར་ན་ཧ་ཅང་འཚམ་པར་མཐོང་མོད། འོན་ཏེ། དེ་ནི་ཡིག་སྐད་ཚགས་དམ་པོ་ཞིག་ཡིན་པས་རླུང་འཕྲིན་ཡིག་སྒྱུར་ནང་དེ་ལྟར་སྤྱད་ན་མི་འཚམ་པས་ཡུལ་སྐོར་སྤྲོ་འཆམ་ཞེས་པར་བསྒྱུར་ན་འཚམ་པར་མཐོང་། གཞན་ཡང་། རྒྱ་ཡིག་གི“不断”ཞེས་པ་ཟམ་མི་ཆད་པ་ཞེས་པར་བསྒྱུར་བ་དེ་མི་འཐད་མི་འཐུས་པ་གང་ཡང་མེད། ཡིན་ན་ཡང་། རླུང་འཕྲིན་ཡིག་སྒྱུར་ནང་རྒྱུན་ཆད་མེད་པ་ཞེས་པར་བསྒྱུར་ན་མང་ཚོགས་ཀྱི་སྐད་ཆ་དང་ཐག་ཉེ་བ་ཡོད་པས་མང་ཚོགས་ཀྱིས་དེ་མ་ཉིད་དུ་དེ་དོན་རྟོགས་པར་ཕན་པ་ཆེན་པོ་ཡོད་པ་ལྟ་བུ་རེད།
གསུམ། རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་སྒྲ་འདྲ་བའི་ཐ་སྙད་སྤྱོད་སྐབས་ཡིད་གཟབ་བྱེད་དགོས། བོད་ཡིག་ཏུ་སྒྲ་འདྲ་བའི་ཡི་གེ་ཤིན་ཏུ་མང་པོ་ཡོད་པས་རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས། གལ་སྲིད་སྒྲ་འདྲ་བའི་ཡི་གེ་ཐོན་སྐབས་ངེས་པར་དུ་མནོ་བསམ་ཞིབ་མོ་བཏང་ནས་བཅོས་ཐབས་བྱེད་དགོས། དེ་ནི་གཙོ་བོ་སྒྲ་འདྲ་བའི་མིང་དཔེར་ན། “农家” ཞེས་པ་བོད་ཡིག་ལ་ཕབ་སྒྱུར་བྱེད་སྐབས་ཚགས་པར་སོགས་སྨྱན་སྦྱོར་ཚན་པ་འགའ་ཞིག་གིས་ཞིང་དུད་ཅེས་པར་བསྒྱུར་འདུག འོན་ཏེ་རླུང་འཕྲིན་ཡིག་སྒྱུར་བྱེད་སྐབས་དེ་ལྟར་བསྒྱུར་ན་ཞིང་ལས་བྱེད་པའི་དུས་ཚོད་དེ་ཞིང་དུས་ཞེས་པ་དང་ནོར་ཉེན་ཆེན་པོ་ཡོད་པས། རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་ཞིང་པའི་དུད་ཚང་དང་། ཞིང་པའི་ཁྱིམ་དུད། ཡང་ན། ཞིང་པའི་ཁྱིམ་ཚང་ཞེས་པར་སྒྱུར་དགོས། དེ་བཞིན་འབྲོག་དུད་ལ་སོགས་པ་ཡང་རིགས་འགྲེ་ནས་སྤྱོད་དགོས།
བཞི། རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་གོ་དཀའ་བའི་སྙན་ངག་དང་། མངོན་བརྗོད། བརྡ་རྙིང་གི་རིགས་མི་ཐོན་པ་བྱེད་དགོས། དེ་ཡང་། སྙན་ངག་དང་། མངོན་བརྗོད། བརྡ་རྙིང་གི་རིགས་ནི་གཙོ་ཆེར་སྒྱུ་རྩལ་རྩོམ་རིག་ཡིག་སྒྱུར་སྐབས་སྤྱད་ན་དེ་ལ་དེ་མཐུན་ཡོང་བ་ལས་གསར་འགྱུར་ཡིག་སྒྱུར་ཁྲོད་སྤྱོད་རྒྱ་ཆེན་པོ་མེད། གལ་ཏེ་དེ་ལྟར་མ་བྱས་ན་དོན་གྱི་སྙིང་པོ་ཚིག་གི་ལོ་མས་སྒྲིབ་པའི་ཉེན་ཁ་ཤིན་ཏུ་ཆེ་བས། དེ་ནི་གསར་འགྱུར་ལས་ཀའི་བླང་བྱ་དང་མཐུན་མེད། དེས་ན་རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་སྐབས་སྙན་ངག་དང་། མངོན་བརྗོད། བརྡ་རྙིང་སོགས་མང་པོ་སྤྱོད་རྒྱུ་མེད་དེ། སྤྱད་དྲགས་ན་གསན་པ་པོས་སྐད་ལ་བརྟེན་ནས་གསར་འགྱུར་གྱི་ནང་དོན་ཤེས་ཐབས་མེད། གལ་སྲིད་དེ་འདྲའི་རིགས་ཐོན་ཚེ་ཕལ་ཚིག་དང་། དངོས་མིང་། དེ་བཞིན་བརྡ་གསར་པ་བཅས་ཀྱི་ཕྱོགས་སུ་བཅོས་གང་ཐུབ་བྱས་ནས་གསན་པ་པོར་སྟབས་བདེ་གང་ལེགས་སྐྲུན་ཨེ་ཐུབ་ལ་འབད་དགོས།
ལྔ། རླུང་འཕྲིན་གྱི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་གྲོང་ཚིག་ཕལ་པ་མང་པོ་སྤྱོད་རྒྱུ་མེད། ཡིག་སྒྱུར་གྱི་དམིགས་ཡུལ་ནི་གོ་བརྡ་མ་འཕྲོད་པ་ཞིག་གོ་བརྡ་འཕྲོད་པ་བྱ་རྒྱུ་དེ་ཡིན་པས། གལ་སྲིད་འགྱུར་ཡིག་ནང་གྲོང་ཚིག་ཕལ་པ་མང་པོ་ཞིག་སྤྱད་ན་མི་མང་ཆེ་བས་གོ་ཐབས་མེད་པས། ཡིག་སྒྱུར་སྐབས་སྤྱི་སྐད་ཀྱི་ཕྱོགས་སུ་བཅར་གང་ཐུབ་བྱེད་དགོས། དཔེར་ན། དབུས་གཙང་ཁུལ་དུ་བསྟན་བཤིག་སློང་བའི་སྐད་ཆ་འདི་འདྲ་ཞིག་ཡོད་དེ། ཉིན་ཞིག་གཙང་པ་གཅིག་ལྷ་སར་བསླེབས། དེ་དུས། ལྷ་ས་བ་རྣམས་ཀྱིས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་སྒྱུར་བཟོ་བྱས་པའི་འཁྲབ་གཞུང་འགྱུར་མ《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》ཞེས་པ་ལྟ་བཞིན་པ་དང་སྟབས་འཁེལ། ཉིན་ཞིག་གཙང་པ་དེས་ལྷ་ས་བ་ཞིག་ལ་དེང་སང་སྤེའུ་ཡི་བརྙན་འཕྲིན་ནང་གི་སྤྲེལ་དེའི་མིང་ལ་ག་རེ་ཟེར་རམ་ཞེས་དྲིས་པར། ཁོས་ལན་རྒྱག་མ་ཐུབ་པ་རེད་ཟེར་སྐད། གོང་གི་སྐད་ཆ་དེའི་ཐོག་ནས་ལྷ་ས་བའི་གྲོང་ཚིག་ནང་སྤྲེའུ་ལ་སྤེའུ་ཞེས་ཟེར་བ་དེ་གཙང་པ་དེས་གསལ་པོ་ཧ་གོ་མེད་པ་གསལ་བཤད་ཐུབ་པས། རླུང་འཕྲིན་ཡིག་སྒྱུར་ནང་གྲོང་ཚིག་ཕལ་པ་མང་པོ་སྤྱད་ན་འཚམ་པོ་ཡེ་ནས་མེད་པ་ཤུགས་ནས་རྟོགས་ཐུབ། དེ་བཞིན་བརྗོད་པ་རིང་པོ་རྣམས་བརྗོད་པ་ཐུང་ཐུང་དུ་སྒྱུར་གང་ཐུབ་དང་། གབ་ཚིག་དང་ཚབ་ཚིག་རིགས་དངོས་མིང་གི་ལམ་ནས་འབྲི་དགོས།
གཞན་ཡང་། རླུང་འཕྲིན་ཡིག་སྒྱུར་ཁྲོད་གང་ཐུབ་ཅི་ཐུབ་ཀྱིས་འགྱུར་ཡིག་གང་དེ་བོད་ཀྱི་སྐད་ཆའི་ཁྱད་ཆོས་དང་། བརྡ་སྤྲོད་གཞིར་བཟུང་ཀུན་གྱིས་གོ་སླ་ལ་ཉན་སྤྲོ་བ་ཞིག་ཏུ་སྒྱུར་དགོས་པ་ལས། ཡི་གེ་བོད་ཡིག་དང་སྐད་བོད་སྐད་ཡིན་རུང་རྒྱ་ཡིག་ལ་མ་བལྟས་ན་དེའི་ནང་དོན་རྟོགས་དཀའ་བའི་སྣང་ཚུལ་དེ་འདྲ་ཐོན་ན་གཏན་ནས་མི་འགྲིག་སྟེ། འགྱུར་ཡིག་གཞན་དག་ནང་དུ་གོང་གསལ་གྱི་སྣང་ཚུལ་དེ་འདྲ་ཐོན་ཡང་རྒྱ་ཡིག་ཤེས་ན་མ་ཡིག་ལ་བལྟས་ནས་ནང་དོན་རྟོགས་ཐབས་བྱེད་ཆོག་ཀྱང་། གལ་ཏེ་རླུང་འཕྲིན་དུ་འགྱུར་མ་དེ་འདྲ་ཐོན་ན་གཅིག་ནས་བལྟ་བསྡུར་བྱེད་སའི་མ་ཡིག་མེད་པ་དང་། གཉིས་ནས་གསར་འགྱུར་ཞེས་པ་དེ་སྐར་མ་རེ་གཉིས་ཀྱི་གཏམ་གླེང་ནང་དུ་མཇུག་རྫོགས་འགྲོ་བའི་ཕྱིར།
མདོར་ན། མ་གཞི་གསར་འགྱུར་ཡིག་སྒྱུར་གྱི་ལག་ལེན་ཁྲོད་དུ་སྐྱོན་དང་ནོར་འཛོལ་ཐོན་དང་འཐོན་བཞིན་ཡོད་ཀྱང་། ང་ཚོས་རང་ངོས་ཀྱི་ཆབ་སྲིད་དང་ཡིག་སྒྱུར་གྱི་གཞུང་ལུགས་དང་ལག་ལེན་གྱི་བྱང་ཚད་མཐོ་རུ་གཏོང་བར་ཧུར་ཐག་འབད་ན། འགྱུར་སྐྱོན་རིམ་བཞིན་ཇེ་ཉུང་དུ་འགྲོ་ངེས་ལ། ང་ཚོའི་དྲིལ་བསྒྲགས་ལས་དོན་གྱི་སྤུས་ཚད་ཇེ་ལེགས་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་བར་ཕན་པ་ངེས་ཅན་ཡོད་པས། ང་ཚོས་དུས་རྒྱུན་ནས་རང་གི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་གཏོང་བར་ཤུགས་རྒྱག་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བར་མཐོང་།
(ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཁྱི་ལོད་གྲགས་པ)