དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་ཀྱི་སྲོལ་རྒྱུན་པར་འདེབས་སྒྱུ་རྩལ་གྱི་ཚེ་སྲོག་གསར་པ།

    སོར་མོའི་འཁྱུག་འགྲོས་ཞེས་པའི་བོད་ལྗོངས་ཀྱི་པར་ཤིང་རིག་གནས་གསར་གཏོད་འགྲེམས་སྟོན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས་མཚོ་མོ། བསྟན་འཛིན་ཆོས་གྲགས།   |     སྤེལ་དུས།  2024-08-16

    བོད་ཀྱི་ཤིང་བརྐོས་པར་འདེབས་ལག་རྩལ་ལ་ལོ་ངོ་ཆིག་སྟོང་ལྷག་གི་འོད་སྟོང་འབར་བའི་ལོ་རྒྱུས་ཡོད་ཅིང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལྡུམ་རའི་ཁྲོད་འོད་བཞིན་འཚེར་ཞིང་རིན་ཐང་བྲལ་བའི་རིག་གནས་དང་སྒྱུ་རྩལ་གཅིག་ཏུ་འདུས་པའི་རིག་གནས་ཤུལ་བཞག་གི་མེ་ཏོག་ཆུན་པོ་ཞིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། པར་འདེབས་ལག་རྩལ་གྱིས་བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ནུས་པ་ཆེན་པོ་ཐོན་ཡོད་ཅིང་། དུས་རབས་གསར་པ་ཤར་ཚུན། བོད་ཀྱི་པར་འདེབས་དང་པར་བརྐོའི་ལག་རྩལ་ལ་ནང་བྱན་ཆུད་པའི་ལག་ཤེས་པ་ཚོས་བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་དང་། དུས་བསྟུན་མདུན་སྐྱོད་ཀྱིས་སྲོལ་རྒྱུན་གྱི་པར་འདེབས་སྒྱུ་རྩལ་ལ་དུས་རབས་ཀྱི་ཚེ་སྲོག་གསར་པ་བསྩལ་ཏེ། རིག་གནས་བསམ་བཀོད་ཐོན་རྫས་རབ་དང་རིམ་པ་ཐོན་སྐྱེད་བྱས་དང་བྱེད་བཞིན་ཡོད་པས། དེའང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་ཐབས་གསར་པ་ཞིག་དང་། སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་མངོན་ཐབས་གསར་པ་ཞིག་ཡིན་པ་གོར་མ་ཆག

    ཉེ་ཆར། སོར་མོའི་འཁྱུག་འགྲོས། བོད་ལྗོངས་ཀྱི་པར་ཤིང་རིག་གནས་གསར་གཏོད་འགྲེམས་སྟོན་ཞེས་པ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་ཞིང་། བོད་ཀྱི་སྲོལ་རྒྱུན་པར་ཤིང་འགྲེམས་སྟོན་དང་། སྲོལ་རྒྱུན་གྱི་པར་འདེབས་ལག་རྩལ་གང་དེར་དུས་རབས་ཀྱི་གཞི་རྒྱུ་གསར་པ་དང་ཚེ་སྲོག་གསར་པ་བསྣན་པའི་ཡིག་ཐང་དང་། པར་འདེབས་ལག་རྩལ་གང་དེར་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བཏང་ནས། པར་འདེབས་དང་པར་བརྐོའི་ལག་རྩལ་སྤྱད་པའི་མགུལ་རྒྱན་དང་། རྣ་རྒྱན། བྲང་ཁབ་སོགས་རྒྱན་ཆའི་རིགས་དང་། ཁ་པར་གྱི་ཤུབས་དང་། ལྡེ་མིག་གི་ལུང་། མགོ་དཀྲིས་དང་། ཁ་དཀྲིས། གྱོན་ཆས་སོགས་སུ་མཛེས་རིས་དང་རྒྱན་རིས་ཡི་གར་འོང་བ་མང་པོ་དཔར་ཏེ། རིག་གནས་བསམ་བཀོད་ཐོན་རྫས་ཇི་སྙེད་ཅིག་ཐོན་སྐྱེད་བྱས་པར། རྒྱ་ཆེའི་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་བཞིན་ཡོད།

    ཤེས་རྟོགས་བྱས་པ་ལྟར་ན། ད་ཐེངས་ཀྱི་སོར་མོའི་འཁྱུག་འགྲོས། བོད་ལྗོངས་ཀྱི་པར་ཤིང་རིག་གནས་གསར་གཏོད་འགྲེམས་སྟོན་ནི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ལོ་གཅིག་གི་རིང་གྲ་སྒྲིག་ཚགས་ཚུད་པོ་དང་སྒྲིག་འཛུགས་ཞིབ་ཚགས་འོག དམངས་ཡོངས་ལ་ཕྱོགས་པའི་སྒྱུ་རྩལ་ཁྱབ་གདལ་གྱི་བྱེད་སྒོའི་ཡ་གྱལ་ཞིག་ཡིན་ཞིང་། འགྲེམས་སྟོན་དེ་བོད་ཀྱི་པར་འདེབས་སྒྱུ་རྩལ་འགྲེམས་སྟོན་ཁུལ་དང་། སྲོལ་རྒྱུན་གྱི་པར་འདེབས་འགྲེམས་སྟོན་ཁུལ། དུས་རབས་ཀྱི་བརྗོད་དོན་གཙོ་བོ་དང་གསར་གཏོད་རང་བཞིན་ལྡན་པའི་པར་འདེབས་འགྲེམས་སྟོན་ཁུལ། པར་འདེབས་ཀྱི་མཛེས་དཔྱོད་ལས་འཕྲོས་པའི་རིག་གནས་བསམ་བཀོད་ཐོན་རྫས་ཇུས་འགོད་དང་རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་སྟོན་ཁུལ། དེ་བཞིན་སྣ་མང་སྨྱན་སྦྱོར་འགྲེམས་སྟོན་དང་མཉམ་འགུལ་བཅས་ཁྱོན་སྡེ་ཚན་ཁག་ལྔ་ལ་ཕྱེ་ཡོད་པ་ཡོད། འགྲེམས་སྟོན་རིང་གནའ་དེང་གི་པར་ཤིང་170ལྷག་ཙམ་དང་། བཀབ་པར་300ལྷག་ཙམ་ཀུན་གྱི་སྤྱན་སྔར་བཤམས་ཤིང་། རྩ་ཆེའི་རིག་དངོས་མང་པོ་ཞིག་ནི་ད་ཐེངས་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད། བོད་ཀྱི་པར་འདེབས་ལག་རྩལ་དག་ལས་འདས་པའི་ལོ་རྒྱུས་མཐོང་ཐུབ་ལ། པར་ཤིང་གི་རི་མོ་རེ་རེ་ཞིབ་ཚགས་ལ་གནའ་ཉམས་དོད་པ་དང་བརྐོས་ལེགས་པས། ཞིབ་ཚགས་མ་བལྟས་ཚེ་དེ་དག་ནི་འཕྲུལ་འཁོར་གྱིས་བཟོས་པ་ཞིག་ཡིན་པའི་སྣང་བ་སྐྱེ་སྲིད། ནང་དོན་སྣ་མང་ཕུན་སུམ་ཚོགས་པའི་ཡིག་ཐང་དང་། འདྲ་གཟུགས་ཡི་གེའི་ཁྱད་ཆོས་དང་མི་སྣའི་སྣང་བརྙན་མངོན་པའི་བོད་ཡིག་གི་ཀ་མད་སུམ་ཅུའི་གཟུགས་རིས་དག་ལྟ་སྣང་དོད་ལ་མིག་ངོར་མཛེས་པ་དང་། ལྷག་པར་དུ། ཟན་གོང་ལ་རྩམ་པ་ཅུང་ཟད་བསྲེས་ནས་གཏོར་པའི་པར་ཤིང་ཐོག་མནན་ན། སྲོག་ཆགས་སྣ་ཚོགས་ཀྱི་གསོན་ཉམས་དོད་པའི་གཟུགས་རིས་མི་འདྲ་བ་མང་པོ་ང་ཚོའི་མིག་ལམ་དུ་འཆར་འོང་བས། ངོ་མ་ཧ་ལས་ཤིང་ཧང་སངས་དགོས་པ་ཞིག་འདུག

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་གྱི་འགྲེམས་ཁུལ་གཙོ་བོ་ཞིག་ནི་སྲོལ་རྒྱུན་གྱི་པར་འདེབས་དང་པར་བརྐོའི་ལག་རྩལ་སྤྱད་དེ་པར་ཤིང་གི་རི་མོ་བརྒྱབ་པའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་ཀྱི་འགྲེམས་ཁུལ་དེ་ཡིན་ཞིང་། དེ་གར་འགྲེམས་སྟོན་བྱས་པའི་གྱོན་ཆས་དང་། ཁུག་མ། རྒྱན་ཆ་སོགས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་དག་མིག་ལམ་དུ་འཆར་དུས། ང་ཚོས་པར་ཤིང་པར་བརྐོའི་ལག་རྩལ་ནི་ཤིང་ཁོ་ནར་སྤྱོད་ཆོག་པ་ཞིག་མིན་པ་ངང་གིས་རྟོགས་འོང་པའི་མོད་ལ། བཟོ་བོ་ཚོའི་རྣམ་དཔྱོད་དང་བློ་གྲོས་ལའང་དད་གུས་ཤིག་ངང་གིས་སྐྱེས་འོང་།

    ཧྲན་ཏུང་ནས་བོད་དུ་ཡུལ་སྐོར་ལ་ཡོང་བའི་སྐུ་ཞབས་ཀྲང་ལགས་ཀྱིས་པར་ཤིང་གི་རི་མོ་བརྒྱབ་པའི་ཁུག་མ་ཞིག་ལ་མཛུབ་མོ་བཙུགས་ཏེ། ཁུག་མ་འདིར་ག་ཚོད་རེད། ང་ལ་གཉིས་དགོས་ཞེས་དྲིས་པར། འདི་གར་ཡོད་པའི་ལས་དོན་པས་འཛུམ་དམུལ་དམུལ་གྱིས། དགོངས་པ་མ་ཚོམས། ད་ཐེངས་འགྲེམས་སྟོན་བྱེད་པ་ལས་འཚོང་གི་མེད་ཅེས་ལན་བཏབ་སོང་བར། སྐུ་ཞབས་ཀྲང་ལགས་ཀྱིས་ཁུག་མ་དེ་བློས་མ་ཐོངས་པ་ལྟར་ཡུད་ཙམ་རིང་ཁུག་མར་ཅེ་རེར་ལྟ་བཞིན་འདུག བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་རྩོམ་སྒྲིག་ཁང་གི་ཏང་ཡོན་ཚོས་ཀྱང་ཆེད་མངགས་མང་ཚོགས་སྒྱུ་རྩལ་ཁང་དུ་ཡོང་ནས། ཐེངས་འདིའི་པར་ཤིང་རིག་གནས་གསར་གཏོད་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་མཉམ་འདྲེས་ཀྱི་ལོ་རྒྱུས་མཚོན་པའི་པར་ཤིང་དང་། གྱང་ལྡེབས་སུ་བཀལ་བའི་ཡིག་ཐང་། རིག་གནས་བསམ་བཀོད་ཐོན་རྫས་སོགས་རེ་རེ་བཞིན་ལ་བལྟས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་པར་ཤིང་ཐོག་པར་འདེབས་བྱེད་པའི་སྲོལ་རྒྱུན་གྱི་ལག་རྩལ་ལ་ཉམས་ལེན་ཡང་བྱས་པ་རེད།

    ཐེངས་འདིའི་འགྲེམས་སྟོན་བརྒྱུད། ཀྲུང་ཧྭ་མི་རིགས་ཀྱི་རྔམས་མཐུག་པའི་རིག་གནས་ཀྱི་རྨང་གཞི་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གང་ལེགས་ཐུབ་པ་མཚོན་པ་མ་ཟད། མི་རིགས་ཁག་རྩ་བ་གཅིག་དང་རྒྱུད་པ་གཅིག་ལས་མཆེད་པའི་འདུ་ཤེས་དང་བརྩེ་སེམས་ཇེ་ཟབ་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་གང་ལེགས་མངོན་ཡོད་པ་རེད།

    པར་འདི་དག་ནི་སོར་མོའི་འཁྱུག་འགྲོས་ཞེས་པའི་བོད་ཀྱི་པར་ཤིང་རིག་གནས་གསར་གཏོད་འགྲེམས་སྟོན་གྱི་འགྲེམས་རྫས་ཁག་གཅིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།