པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནག་ཆུར་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ།
ཉིན་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་། གསེར་རྙེད་ཆུས་བཅས་སུ་བརྟག་ཞིབ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གནང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་བཏང་གནང་བ་རེད།
སོག་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ནི་སོག་རྫོང་གཡག་ལ་གྲོང་རྡལ་གྱི་ཤར་ངོས་སུ་གནས་པ་དང་། མིག་སྔར་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་226ལ་འདི་གར་གཅིག་སྡུད་བསྙེན་བཀུར་བྱེད་བཞིན་ཡོད། ཞབས་ཞུ་ལྟེ་གནས་དེ་2016ལོར་སྤྱོད་འགོ་ཚུགས་ཚུན། དོ་དམ་ཚད་ལྡན་དང་མི་ཆོས་དང་མཐུན་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་ཁྱིམ་གཞིས་ཤིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
པཎ་ཆེན་རིན་པོ་ཆེས་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པས་གནས་ཚུལ་ངོ་སྤྲོད་ཞུས་པ་ནན་ཏན་ངང་གསན་པ་དང་སྔ་རྗེས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་མི་སྣ་ངག་དར་དང་། ངག་དབང་བརྩོན་འགྲུས། གུ་ཐར་བཅས་ཀྱི་ཉལ་ཁང་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་གླེང་མོལ་གནང་བ་མ་ཟད། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲའང་གནང་ཞིང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་རྒྱུན་གཏན་འཚོ་བར་ཆེད་མངགས་ལྟ་རྟོགས་བྱེད་མཁན་ཡོད་པ་དང་། “རྒས་དུས་གསོ་མཁན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་ལས་ཀ་ཡོད་པ”བཅས་འཚོ་བ་ཧ་ཅང་བདེ་ཞིང་སྐྱིད་པ་མཁྱེན་རྗེས། པཎ་ཆེན་རིན་པོ་ཆེ་དགྱེས་ཚོར་ཆེན་པོ་བྱུང་ནས་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པར་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱེད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་ཞབས་ཞུའི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་སྟེ། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་བདེ་སྐྱིད་སྟོན་གྲངས་ཕྱོགས་ཡོངས་ནས་མཐོ་རུ་ཧུར་ཐག་གཏོང་དགོས་པའི་སྐུལ་ལྕག་གནང་བ་དང་འབྲེལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ནད་མེད་ཚེ་རིང་དང་ཚེ་མཇུག་སྐྱིད་པོ་ཡོང་བའི་ཐུགས་སྨོན་ཡང་གནང་བ་རེད།
སོག་རྫོང་སྨན་རྩིས་ཁང་དུ་པཎ་ཆེན་རིན་པོ་ཆེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྩ་སྦྱོང་རྒྱུན་འཛིན་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་རྒྱ་ཆེའི་བོད་ལུགས་གསོ་རིག་གི་སྨན་དོན་པར་བོད་ལུགས་གསོ་རིག་གི་མཆོག་ནོར་དེ་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱས་ནས་བོད་ལུགས་གསོ་རིག་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྐྱོན་བྲལ་གྱི་བོད་ལྗོངས་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།
དེའི་རིང་། པཎ་ཆེན་རིན་པོ་ཆེས་ནག་ཆུ་གྲོང་ཁྱེར་གྱི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་འབྲེལ། ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་ཡོད། པཎ་ཆེན་རིན་པོ་ཆེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཕ་ཡུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་འགུལ་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་ཐུགས་བློ་མགུ་པོ་བྱུང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“འཛུགས་གཏོད་བཞིར”དམིགས་པ་དང་། “མདུན་གྲལ་དུ་སླེབས་པར་བཞིར”ཤུགས་བརྒྱབ་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
ནག་ཆུ་གྲོང་ཁྱེར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས“འདུ་ཤེས་གསུམ”ལག་ལེན་བསྟར་ཏེ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ནས་ཏང་གི་རྗེས་སུ་འབྲང་བའི་བཞུགས་མོལ་ཚོགས་འདུའི་ཐོག་པཎ་ཆེན་རིན་པོ་ཆེས། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ་ཆོས་ལུགས་ཀྱི་དད་མོས་དང་ཆབ་སྲིད་ཀྱི་དད་སེམས་གཅིག་མཐུན་ཡོང་བ་དང་། ནང་ཆོས་ལ་ཐོས་བསམ་མཐའ་འཁྱོངས་བྱས་ཏེ་ཤེས་ཡོན་དང་མཐོང་རྒྱ་དེ་དུས་རབས་ཀྱི་འགན་འཁྲི་དང་ཕན་ཚུན་འཚམ་མཐུན་ཡོང་བ། ཆོས་ལུགས་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྙན་གྲགས་དང་གཟུགས་བརྙན་དེ་དགེ་སྦྱོར་དང་ཡོན་ཏན་དང་གཅིག་མཚུངས་ཡོང་བ། ནུས་པ་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིན་ཚོར་དང་སྙན་གྲགས་དེ་ལེགས་སྐྱེས་དང་བྱས་རྗེས་དང་མཐུན་སྦྱོར་ཡོང་བ་བཅས་བྱེད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་དེ་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་ཕྱེ་སྟེ་ཁ་ཕྲལ་གྱི་བསམ་བློ་དང་ཁ་ཕྲལ་གྱི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
དེའི་རིང་པཎ་ཆེན་རིན་པོ་ཆེས་འབྲི་རུ་རྫོང་འགོམ་དགོན་གསར་དང་། གསའ་མདའ་དགོན། འབྲི་རུ་དགོན་བཅས་དང་། སོག་རྫོང་གི་རི་སྤུང་བཙུན་དགོན་དང་ཆོས་འཁོར་དགོན། སྦྲ་ཆེན་རྫོང་གི་ཀླུ་ཕུག་དགོན། གསེར་རྙེད་ཆུས་ཀྱི་ཞབས་རྟེན་དགོན་བཅས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་གནང་བ་རེད། དགོན་པ་ཁག་གིས་ཆོས་ལུགས་ཀྱི་གུས་སྲོལ་རྒྱས་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་ཤིང་། པཎ་ཆེན་རིན་པོ་ཆེས་གྲྭ་དམངས་ལ་ཞལ་འདོན་དབུ་སྐུལ་གནང་བ་དང་གནས་གཟིགས་གྲུབ་རྗེས་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་དམངས་བདེ་ལ་འཁོད་པའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།