དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁྲོན་པའི་ནང་ནས་ཟླ་བ་འདོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-11

    མཚན་མོ་ཞིག་ལ། སྤྲེལ་ཕྲུག་གཅིག་ཁྲོན་པའི་འགྲམ་དུ་རྩེད་མོ་རྩེ་སྐབས། ཁོས་ཁྲོན་པའི་ནང་དུ་ལྟ་ཙམ་བྱས་པ་ན། ཟླ་བ་ཁྲོན་པའི་ནང་དུ་ལྷུངས་ཡོད་པ་མཐོང་། དེ་འཕྲལ་ཁོས། ཟླ་བ་ཁྲོན་པའི་ནང་དུ་ལྷུངས་འདུག་ཅེས་སྐད་བརྒྱབ།

    སྤྲེལ་དར་མ་ཞིག་གིས་སྐད་དེ་ཐོས་རྗེས་བརྒྱུགས་ཡོང་སྟེ། ཨ་ཁ་ཁ། ཆག་སྒོ ཟླ་བ་ཁྲོན་པའི་ནང་དུ་ལྷུངས་འདུག་ཅེས་སྐད་བརྒྱབ།

    ཡང་སྤྲེལ་རྒན་ཞིག་གིས་དེ་གཉིས་ཀྱི་སྐད་ཐོས་རྗེས་བརྒྱུགས་ཡོང་ནས་ལྟ་སྐབས། དེ་ལྟར་མཐོང་བས་ཧང་སངས་ནས། ཨ་ཁ་ཁ། ཟླ་བ་ཁྲོན་པའི་ནང་དུ་ལྷུངས་འདུག མགྱོགས་པོ་འདོན་པར་ཤོག་ཅེས་སྐད་བརྒྱབ།

    ཉེ་འཁོར་གྱི་སྤྲེལ་ཐམས་ཅད་ཀྱིས་སྐད་དེ་ཐོས་རྗེས་ཚང་མ་བརྒྱུགས་ཡོང་ནས་བལྟས་པ་ན། དེ་ལྟར་མཐོང་ནས། ད་གང་དྲག ཟླ་བ་ཁྲོན་པའི་ནང་དུ་ལྷུངས་འདུག ཚང་མ་ཟླ་བ་འདོན་པར་ཤོག་ཅེས་སྐད་བརྒྱབ།

    ཁྲོན་པའི་འགྲམ་དུ་ཤིང་སྡོང་ཞིག་ཡོད་པ་དང་། སྤྲེལ་རྒན་གྱི་རྐང་པས་ཤིང་སྡོང་གི་ཡལ་གར་འཐམས་ཤིང་། ལག་པས་སྤྲེལ་དར་མ་དེའི་རྐང་པ་ནས་བཟུང་། དེས་ཀྱང་སྤྲེལ་གཞན་ཞིག་གི་རྐང་པ་ནས་བཟུང་། དེ་ལྟར་ཆུ་ལ་མ་ཐུག་གི་བར་དུ་གཅིག་ལ་གཅིག་འཁྱུད་ཀྱིས་མར་དཔྱངས།

    སྔོན་ན་ཡོད་པའི་སྤྲེལ་ཕྲུག་གིས་ལག་པ་བརྐྱངས་ནས་ཆུ་ལ་རེག་མ་ཐག་ཟླ་བ་དེ་མུར་ཡལ། སྐབས་དེར་སྤྲེལ་རྒན་གྱིས་མགོ་བོ་ཡར་ལ་བཀྱགས་ནས་གནམ་ལ་བལྟས་པ་ན། ཟླ་བ་ནི་སྔར་བཞིན་ནམ་མཁའི་མཐོངས་སུ་ཡོད་པ་མཐོང་། དེ་ནས་ཁོས་དབུགས་ཧལ་བཞིན་དུ། འདོན་དགོས་མི་འདུག འདོན་དགོས་མི་འདུག ཟླ་བ་སྔར་བཞིན་ནམ་མཁར་འདུག་ཅེས་སྐད་བརྒྱབ།

    གཏམ་རྒྱུད་ཐུང་ཐུང་འདི་ལ་ཉན་རྗེས། རྩོམ་སྒྲིག་པའི་སེམས་ལ་དེ་མ་ཉིད་དུ་སྨྲི་ཏི་དྲན་པ་ཡེ་ཤེས་ཀྱིས་བརྩམས་གནང་བའི། རི་བོང་འཛིན་པའི་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། །དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། ། གཟུགས་བརྙན་ཟླ་བར་འཛིན་པ་བྱིས་པའི་བློ། །ཞེས་པའི་སྙན་ངག་འདི་ཡང་ངང་གིས་དྲན་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།