དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • ལྷ་ས་མེ་འཁོར་བབས་ཚུགས་ནུབ་མའི་བཀོད་གཏོང་དཔོན་བསྟན་འཛིན་བྱང་ཆུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-09

    1994ལོར་བསྟན་འཛིན་བྱང་ཆུབ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སེར་མ་གྲོང་ཚོར་སྐྱེས་ཤིང་། དེ་སྔ་ས་གནས་དེ་གར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་དེར་བསྟན་འཛིན་བྱང་ཆུབ་ཁྱིམ་གྱི་དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་ས་ཞིང་འདེབས་པ་དང་ཕྱུགས་རིགས་འཚོ་བར་བརྟེན་དགོས་ཀྱི་ཡོད།

    “ས་མ་འབྲོག་ཡིན་པའི་ང་ཚོའི་གྲོང་ཚོ་ཕྱིས་སུ་ལྷ་ས་ནུབ་ཚུགས་ཀྱི་དོས་ཁང་ཆགས་ཤིང་། 2006ལོའི་ཟླ་3ཚེས་1ཉིན་གཉེར་སྐྱོང་བྱེད་འགོ་ཚུགས་སྐབས་ང་ཚོའི་གྲོང་ཚོའི་གྲོང་མི་ཚང་མ་ཡ་མཚན་དང་བཅས་སྐབས་དེའི་མཛད་སྒོ་གཟབ་རྒྱས་ལ་བལྟ་བར་ཕྱིན་པ་ད་དུང་དྲན་གྱི་འདུག”ཅེས་བསྟན་འཛིན་བྱང་ཆུབ་ཀྱིས་དྲན་གསོ་བྱེད་བཞིན་བཤད།

    ལོ་དེའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་པ་དང་བསྟུན་ནས་བོད་མི་དམངས་དང་ལྕགས་ལམ་དབར་ལས་འབྲེལ་ཟབ་མོ་བྱུང་ཞིང་། བསྟན་འཛིན་བྱང་ཆུབ་ཀྱིས“སྐབས་དེ་དུས་ང་རང་ལོ་12ལ་སླེབས་ཙམ་ཡིན་པ་དང་སྒོ་འགྲམ་ནས་མེ་འཁོར་འགྲོ་བ་མཐོང་ཐེངས་དང་པོ་ཡིན་པས་དངོས་གནས་ཧ་ཅང་དགའ་པོ་བྱུང”ཅེས་དགའ་སྤྲོའི་ངང་བཤད།

    ལྕགས་ལམ་ཤར་གཏོང་ཐུབ་ཚུན། བསྟན་འཛིན་བྱང་ཆུབ་ཀྱི་པ་ཕས་གྲོང་ཚོ་ཨུ་ལྷན་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཟོག་འདྲེན་རླངས་འཁོར་ཉོས། དུས་དེ་ནས་བཟུང་བསྟན་འཛིན་བྱང་ཆུབ་པ་ཕའི་ལས་རོགས་སུ་གྱུར་ནས་པ་ཕ་དང་མཉམ་དུ་ལྷ་སའི་ནུབ་ཚུགས་ཀྱི་དོས་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་འགོ་ཚུགས་པ་དང་ཆབས་ཅིག བར་ཐག་ཉེ་ས་ནས་མེ་འཁོར་དང་ལྕགས་ལམ་བཟོ་པ་མཐོང་རྒྱུ་ཡོད་པས། ཁོང་གིས་ལྕགས་ལམ་བཟོ་པ་ཞིག་བྱ་རྒྱུའི་ཕུགས་འདུན་གྱི་ས་བོན་ཡང་དེ་དུས་བཏབ།

    2014ལོར་སློབ་ཆེན་དུ་སྐྱོད་པའི་རེ་འདུན་རེའུ་མིག་རྒྱོང་སྐབས་ཁོང་གིས་བློ་ཐག་ཆོད་པོས་ལྕགས་ལམ་ཆེད་ལས་ལ་མིང་ཐོ་བཀོད་པ་དང་སྐབས་དེ་དུས་བོད་ལྗོངས་སློབ་ཆེན་དུ་ལྕགས་ལམ་སྐྱེལ་འདྲེན་གྱི་ཆེད་ལས་ཡོད་པ་མ་ཟད། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་དུ་ལོ་གཉིས་བརྗེ་རེས་སློབ་སྦྱོང་བྱེད་པར་ཡང་སྐྱོད་ཆོག་གི་ཡོད། ཁོང་གིས་དེ་ནི་གོ་སྐབས་ཡག་པོ་ཞིག་ཡིན་པ་ཤེས་འཕྲལ་བློ་ཐག་ཆོད་པོས་བོད་ལྗོངས་སློབ་ཆེན་དུ་མིང་ཐོ་བཀོད། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་ཀྱིས་ང་རང་གསོ་སྐྱོང་བྱས་པས་བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་ངས་ལྕགས་ལམ་སྐྱེལ་འདྲེན་གྱི་ཆེད་ལས་ཤེས་བྱ་ཧུར་ཐག་སྦྱངས་པས་2018ལོར་མཚོ་བོད་ཚོགས་པ་ཀུང་སིས་གདན་ཞུ་བྱས་པ་བརྒྱུད་ལྕགས་ལམ་གྱི་བཟོ་པ་ངོ་མ་ཞིག་ཆགས་སོང”ཞེས་བསྟན་འཛིན་བྱང་ཆུབ་ཀྱིས་བཤད།

    བསྟན་འཛིན་བྱུང་ཆུབ་སྔ་རྗེས་སུ་གོར་མོའི་མེ་འཁོར་ལས་དོན་དུམ་བུ་དང་། ལྷ་སའི་མེ་འཁོར་ལས་དོན་དུམ་བུའི་གཞིས་རྩེའི་ནུབ་ཚུགས། ལྷ་སའི་ནུབ་ཚུགས་ཀྱི་འབྲེལ་མཐུད་པ་དང་། མེ་འཁོར་བབས་ཚུགས་ཀྱི་བཀོད་གཏོང་པ། མེ་འཁོར་བབས་ཚུགས་ཀྱི་ལས་རེས་པ། བཀོད་གཏོང་དཔོན་བཅས་ཀྱི་ལས་གནས་སུ་སློབ་སྦྱོང་བྱས་པ་མ་ཟད་ལས་གནས་གང་གི་ཐོག་ཏུའང་ཁོང་གིས་དཀའ་སྤྱད་སློབ་སྦྱོང་དང་ངལ་བ་དང་འཁང་ར་གཉིས་བཟོད་ཀྱིས་ལས་དོན་ཁག་ལེགས་སྒྲུབ་ཡག་པོ་བྱས་ཡོད།

    “རང་ཉིད་ཀྱིས་བཀོད་སྒྲིག་བྱས་པའི་དངོས་ཟོག་བྱུར་པོར་བླུགས་པའི་མེ་འཁོར་ལྷ་སའི་ནུབ་ཚུགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འགྲོ་བ་་མཐོང་སྐབས་རང་ཉིད་ཀྱི་ལས་ཀར་རིན་ཐང་ཆེན་པོ་ལྡན་པ་ཚོར་ཐུབ་ཀྱི་འདུག་ལ་སྤོབས་པ་དེ་བས་ཆེན་པོ་སྐྱེས་ཀྱི་འདུག ལྷ་སའི་ནུབ་ཚུགས་ཀྱི་ལས་བཟོ་ཞིག་ཡིན་པའི་ངོས་ནས་ངས་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རང་ཉིད་ཀྱི་ལས་གནས་ཐོག་བྱས་རྗེས་འཇོག་ཐུབ་པ་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་བྱང་ཆུབ་ཀྱིས་བཤད།

    “མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན། ངའི་ཕ་ཡུལ་ལ་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ས་མ་འབྲོག་གི་གྲོང་ཚོ་ནས་ད་ལྟའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པ་དང་ལུས་སྦྱོང་ཡོ་བྱད་ཆ་ཚང་ཡོད་པའི་གྲོང་གསར་ཞིག་ཏུ་གྱུར་ཡོད། ང་རང་ད་ལྟ་ལས་ཀ་བྱེད་ས་ནས་ཁྱིམ་བར་སྐར་མ་ལྔ་ལས་མི་འགོར་བ་མ་ཟད། ད་དུང་ཕ་མར་ལྟ་རྟོག་བྱེད་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཤོད་བཞིན་དུ་བསྟན་འཛིན་བྱང་ཆུབ་ཀྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

    སེར་མ་གྲོང་ཚོར་ཁོང་དང་འདྲ་བའི་གྲོང་མི་མང་པོས་ལྕགས་ལམ་བཟོ་པ་བྱེད་འདོད་ཡོད་ཅིང་། “ལྕགས་ལམ་བསྐྲུན་མེད་ཚེ་ང་ཚོའི་ད་ལྟའི་འཚོ་བ་ཡག་པོ་འདི་འདྲ་་ཡོང་ཐབས་བྲལ”ཅེས་གྲོང་མི་ངག་དབང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    ད་ཆ་སེར་མ་གྲོང་ཚོའི་གྲོང་མི་ཚང་མ་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་དུ་སྡོད་ཀྱི་ཡོད་ལ་སྒེར་འཁོར་ཡང་ཡོད་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།