རིག་དངོས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ངའི་དགའ་ཕྱོགས་ཡིན།
སྔོ་བསངས་མཁའ་ལ་ཉི་འོད་བཀྲག་མདངས་ཆེ་ཞིང་། གཙང་འགྲམ་གྱི་ཞིང་ཁའི་ནང་དུ་སོ་ནམ་པ་རྣམས་རེ་བའི་ལས་ལ་གཞོལ་ནས་ཡོད་པ་དང་། རྒྱང་རིང་ས་འཛིན་ངོས་སུ་གྱ་གྱུའི་རི་མོ་གཡོ་བ་སོགས་ཞིང་གྲོང་ལ་དབྱར་གྱི་དཔལ་ཡོན་ཤར་ཞིང་། ཉེ་འགྲམ་ཞིང་ཁའི་ནང་གི་ལོ་ཏོག་གི་དྲི་བསུང་བསིལ་རླུང་དང་བསྡེབས་ཏེ་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ངའི་དྲི་འཛིན་དབང་པོའི་བཅུད་དུ་གྱུར།
དབྱར་ཟླ་ལྔ་པའི་ཉིན་ཞིག་ལ་གསར་འགོད་པ“གངས་ལྗོངས་ཏུན་ཧོང”དུ་གྲགས་པའི་དཔལ་ས་སྐྱ་དགོན་དུ་འབྱོར། དཔལ་ས་སྐྱ་དགོན་ནི་གངས་ལྗོངས་ས་མཐོའི་ནུབ་ངོས་སུ་ལྷིང་འཇགས་ངང་གནས་ཞིང་། ཤེས་རབ་དང་ཉམས་མྱོང་གིས་ཕྱུག་པའི་རྒད་པོ་ཞིག་དང་འདྲ་བར། ལོ་རྒྱུས་ཀྱི་ཤེས་རིག་འཕེལ་རྒྱུན་གྱི་བདེན་དཔང་བྱས། དགོན་པའི་ཡུན་རིང་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་དངོས་ཐོན་ཁུངས་ནི་ཀྲུང་ཧྭའི་རིག་གནས་བང་མཛོད་ཁྲོད་ཀྱི་མཆོག་ནོར་ལྟ་བུར་སྣང་། དེར་དུས་རབས་རིམ་བྱུང་གི་པཎྜི་ཏ་དང་སྔོན་བྱོན་མཁས་པ་ཚོས་བཞག་གནང་བའི་ནོར་བུ་གྲངས་ལས་འདས་པ་ཉར་ཚགས་བྱས་ཡོད་པ་དང་། བསྟན་བཅོས་དང་། རིག་དངོས། ལྡེབས་རིས་སོགས་རྩ་ཆེ་ལ་ཕུན་སུམ་ཚོགས་པོ་ཡོད་པ་འཛམ་བུ་གླིང་དུ་གྲགས་པ་ཆེ། ལྷག་པར་དགོན་པའི་ནང་རྒྱ་ནག་གོང་མ་རིམ་བྱོན་གྱིས་གནང་བའི་དཀར་ཡོལ་དང་། མཆོད་ཆས། དུང་དཀར། ཐམ་ག། ཐང་ག་ལ་སོགས་པའི་རིག་དངོས་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཉར་ཚགས་བྱས་ཡོད། དེས་ན་རིག་དངོས་དག་གཅེས་ཉར་དང་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱུན་གཏན་རང་བཞིན་དང་དཀའ་ཚེགས་ཆེ་བའི་བགྱི་བ་གལ་ཆེན་ཞིག་ལགས་སོ།
བློ་གྲོས་ཐོགས་མེད་ཀྱིས་རིག་དངོས་སྲུང་སྐྱོབ་དང་དོ་དམ་གྱི་ལས་དོན་སྐོར་ལྷུག་པོར་བརྗོད་བཞིན་པ།
བློ་གྲོས་ཐོགས་མེད་ནི་བགྱི་བ་དེ་ལ་སྤྲོ་བ་འཕེལ་ཞིང་དཀའ་སྤྱད་ཁུར་དུ་བཟོད་ནུས་པའི་གྲྭ་པ་ཞིག་ཡིན། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“རང་ཉིད་ཀྱི་མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་རིག་དངོས་ལ་སྲུང་སྐྱོབ་བྱ་དགོས”ཞེས་པའི་དམ་བཅའ་སྒྲུབ་བཞིན་མཆིས།
1984ལོར། བློ་གྲོས་ཐོགས་མེད་ས་སྐྱ་དགོན་པའི་གྲྭ་སར་ཞུགས། མི་ལོ་བཞི་བཅུར་ཉེ་བའི་དུས་ཚོད་ནང་། ཁོང་གིས་རྒྱུན་གཏན་གྱི་དཔེ་འཁྲིད་དང་གཞུང་ལུགས་ལ་སྦྱངས་པ་ཧུར་ལེན་བྱས་ནས་ཞིབ་འཇུག་གཏིང་ཟབ་བྱས་པ་ཕུད། དགོན་པའི་རིག་དངོས་སྲུང་སྐྱོབ་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད།
“1986ལོ་ནས་བཟུང་ངས་སཱཙྪ་དང་རྡོ་བརྐོས་སོགས་རིག་དངོས་འཚོལ་བསྡུ་བྱེད་འགོ་ཚུགས་པ་དང་།ལོ་བཅུ་ཕྲག་ཁ་ཤས་ལ་རྒྱུན་འཁྱོངས་ནས།ད་ཆ་ངའི་འཚོ་བའི་གོམས་གཤིས་དང་ཆ་ཤས་སུ་གྱུར་ཡོད”ཅེས་བཤད། ཁོ་བོའི་དྲན་འཆར་གྱི་མེ་ལོང་ངོས་སུ་ལྷམ་མེར་འཆར་བའི་རིག་དངོས་འཚོལ་ཞིབ་བྱ་བའི་ནམ་ཟླ་དེ་རྣམས་ང་ཚོར་ལྷུག་པོར་བརྗོད།
1989ལོར་ཁོང་དགོན་པའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཞིག་ཡིན་པ་དང་།2011ལོར་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་ནས་ད་བར་དགོན་པའི་ནང་གི་རིག་དངོས་སྲུང་སྐྱོབ་དང་དོ་དམ་གྱི་ལས་དོན་ལ་གཞོལ་བཞིན་ཡོད།ཁོང་གིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་གཙིགས་ཆེན་དུ་འཛིན་པ་དང་། དེ་དག་ལས་མངོན་པའི་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་ལ་དེ་བས་མཐོང་ཆེན་གནང་གྱིན་ཡོད།
དཔལ་ས་སྐྱ་དགོན་གྱི་པོ་ཏིའི་རྩིག་པ།
“རིག་དངོས་སུ་གཏོགས་པའི་དཔེ་ཆ་དེ་ཚོའི་ནང་ཀྲུང་གོའི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་འཁོད་ཡོད་པ་མ་ཟད། རིག་དངོས་དེ་རྣམས་ལོ་རྒྱུས་ཀྱི་དཔང་པོ་ཡིན་ལ། མིའི་རིགས་ལ་དབང་བའི་མཆོག་ནོར་ཤ་སྟག་ཡིན”ཅེས་སྤོབས་ཉམས་རང་འདོན་གྱི་སྒོ་ནས་བཤད། ཁོང་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཁག་གཉིས་ལ་ཞུགས་ནས་རིག་དངོས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
བློ་གྲོས་ཐོགས་མེད་ཀྱིས་སེམས་ནུས་ཡོད་རྒུད་རིག་དངོས་ཉམས་གསོའི་ལས་དོན་ཡག་པོ་བསྒྲུབས་ནས། ལོ་རྒྱུས་ཀྱི་ཤེས་རིག་འཕེལ་རྒྱུན་སྲུང་སྐྱོབ་དང་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་འགན་འཁྲི་ལྕི་པོ་རང་རྟོགས་ངང་འཁུར་བཞིན་ཡོད། 2020ལོར་བློ་གྲོས་ཐོགས་མེད་ཀྱིས་ཕྱོགས་ཁག་ནས་མ་དངུལ་བརྩོན་ལེན་བྱས་ནས་ས་སྐྱ་དགོན་པའི་རིག་དངོས་ཉམས་གསོའི་ལས་གྲྭར་ཞུགས། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ཁབ་རིམ་པའི་གཅེས་ནོར་ཡིན་པའི་གོ་ཁྲབ་དང་རྨོག་ཞྭ་སོགས་མྱུར་སྐྱོབ་དང་ཉམས་གསོ་བྱས་ཡོད་པ་རེད། “སྐབས་དེ་དུས་ཀྱི་འཆར་གཞིར་གོ་ཁྲབ་དང་རྨོག་ཞྭ་ཆ་16ཉམས་གསོ་བྱ་རྒྱུ་ཡིན་ཡང་། མཐར་ང་ཚོས་འཆར་གཞི་ལས་བརྒལ་ཏེ་གོ་ཁྲབ་དང་རྨོག་ཞྭ་ཆ་30མྱུར་སྐྱོབ་དང་ཉམས་གསོ་ལེགས་གྲུབ་བྱུང་བ་རེད”ཅེས་བཤད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ས་སྐྱ་དགོན་པའི་གོ་ཁྲབ་དང་རྨོག་ཞྭ་ནི་ཡོན་མིང་ཆིང་རྒྱལ་རབས་ཀྱི་རྩ་ཆེའི་ནོར་བུ་ཡིན་པ་དང་།དང་ཐོག་ཆ་108ཙམ་ཡོད་པ་དང་། ཕྱིས་ལོ་རྒྱུས་ཀྱི་འཕེལ་སྒྲིབ་ཁྲོད་གོ་ཁྲབ་དང་རྨོག་ཞྭ་དེ་དག་ལ་སྐྱོན་ཚབས་ཆེན་ཤོར་ཡོད་པ་རེད། རིག་དངོས་དེ་དག་ལས་ཡོན་མིང་ཆིང་རྒྱལ་རབས་ཀྱི་ཕུལ་དུ་བྱུང་བའི་བཟོ་རྩལ་མངོན་པར་མ་ཟད། རྒྱ་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མཛའ་གྲོགས་ཀྱང་བདེན་དཔང་བྱས་ཡོད། ད་དུང་བློ་གྲོས་ཐོགས་མེད་ཀྱིས་དམངས་ཁྲོད་དུ་བསྐྱོད་ནས་རིག་དངོས་ཀྱི་རྗེས་ཤུལ་དེད་དེ། རང་ཉིད་ཀྱི་འགྲོ་དངུལ་བེད་སྤྱད་ནས་རིག་དངོས་མང་པོ་འཚོལ་བསྡུ་དང་མྱུར་སྐྱོབ་བྱས་ཡོད་པ་རེད།
མྱུར་སྐྱོབ་དང་ཉམས་གསོ་ལེགས་གྲུབ་བྱུང་བའི་གོ་ཁྲབ་དང་རྨོག་ཞྭ།
རིག་དངོས་སྲུང་སྐྱོབ་ནི་བྱས་རྗེས་དེང་འདིར་བཞགཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་གཞག་ཉག་ཅིག་ཡིན། ལོ་མང་རིང་བློ་གྲོས་ཐོགས་མེད་ཀྱིས་སཱཙྪ་གྲངས་ཁྲི་བདུན་ལྷག་ཙམ་དང་། སཱཙྪའི་སྐུ་རིགས་མི་འདྲ་བ་གཉིས་བརྒྱ་ཙམ་དང་མཆོད་རྟེན་རིགས་མི་འདྲ་བ་ལྔ་བཅུ་ལྷག་ཙམ། དཔེ་ཆ་རྙིང་པ། བཟང་ཆས་རྙིང་པ། རྫ་ཆས་རྙིང་པ་གཉིས་བརྒྱ་ལྷག་ཙམ། ཁྲོ་བཟང་རྙིང་པ་དང་། དཀར་ཡོལ་རྙིང་པ། རྡོ་བརྐོས་ཀྱི་སྐུ་རྙིང་པ་གཉིས་བརྒྱ་ཙམ། ཁྲབ་ཆས་རྙིང་པ། ཐང་ག་རྙིང་པ་སོགས་རིག་དངོས་འབོར་ཆེན་ཞིག་འཚོལ་བསྡུ་དང་མྱུར་སྐྱོབ་བྱས་ཡོད་པ་མ་ཟད། དེ་དག་ཚང་མ་ས་སྐྱ་དགོན་པར་ཞལ་འདེབས་ཕུལ་ནས། ས་སྐྱ་དགོན་པའི་རིག་དངོས་ནང་ནོར་བུ་གསར་པ་ཁ་སྣོན་དང་བོད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་དངོས་པོའི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་པ་རེད། དགོན་པའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་ཕུད། བློ་གྲོས་ཐོགས་མེད་ཀྱིས་རིག་དངོས་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་ལས་དོན་ལ་དོ་སྣང་བྱས་ཏེ། ཐབས་ལམ་སྣ་ཚོགས་བརྒྱུད་ས་སྐྱ་དགོན་པའི་རིག་དངོས་ཐོན་ཁུངས་དང་རིག་གནས་ཕྱི་ཕྱོགས་ལ་འགྲེམས་སྟོན་བྱས་ནས་མི་རྣམས་ཀྱི་ཡིད་དབང་བཀུག་པ་དང་། མི་དེ་བས་མང་བས་གནའ་བོའི་ལོ་རྒྱུས་ལྡན་པའི་གནས་འདིར་ཤེས་རྟོགས་དང་རྒྱུས་ལོན་ཡོང་བ་བྱ་བཞིན་ཡོད།
ས་སྐྱ་དགོན་པ་དང་ཁ་བྲལ་རྗེས།རླངས་འཁོར་ཞིང་གསེབ་ཀྱི་ལམ་ཆུང་བརྒྱུད་སྐར་མ་ཁ་ཤས་སོང་རྗེས། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བསམ་གླིང་དགོན་པར་སླེབས། ང་ཚོའི་མཐོང་ཆོས་སུ་གྱུར་པ་ནི་ས་སྐྱ་བསམ་གླིང་དགོན་པའི་སྒྲིག་གཤོམ་ཁང་ཡིན་ཞིང་། དེར་བློ་གྲོས་ཐོགས་མེད་ཀྱིས་ལོ་མང་རིང་འཚོལ་བསྡུ་དང་མྱུར་སྐྱོབ་བྱས་པའི་རིག་དངོས་འགྲེམས་སྟོན་བྱས་ཡོད་པ་དང་། རིག་དངོས་དེ་དག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། མི་རབས་རྗེས་མར་རང་མི་རིགས་ཀྱི་རིག་གནས་ཤེས་རྟོགས་དང་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱ་རྒྱུའི་སློབ་གསོའི་རྟེན་གཞིར་གྱུར་ཡོད་པ་རེད།
བློ་གྲོས་ཐོགས་མེད་ཀྱིས་དམངས་ཁྲོད་ནས་བསྒྲུབས་པའི་རིག་དངོས་ངོ་སྤྲོད་བྱེད་བཞིན་པ།
“གཞི་ཁྱོན་ཆེ་བའི་རིག་དངོས་ཉམས་གསོའི་ལས་དོན་ཚང་མ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་གནང་བ་རེད།ལྷག་པར་དུ་བོད་ཀྱི་གཙོ་གནད་རིག་དངོས་ཉམས་གསོའི་ལས་གྲྭ་ཆེན་པོ་གསུམ་སྤེལ་རིང་ཏང་དང་རྒྱལ་ཁབ་ཀྱིས་ས་སྐྱ་དགོན་པར་མ་དངུལ་འབོར་ཆེན་བཏང་ནས་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་གནང་། འདི་ལྟ་བུའི་སྲུང་སྐྱོབ་ལས་གྲྭ་ད་དུང་མུ་མཐུད་བསྒྲུབས་དང་སྒྲུབ་བཞིན་པ་རེད”ཅེས་བློ་གྲོས་ཐོགས་མེད་ཀྱིས་བཤད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་དེ་བས་མང་བས་རིག་དངོས་ནི་ལོ་རྒྱུས་དང་འབྱུང་འགྱུར། སྲོལ་རྒྱུན་དང་དེང་རབས་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ཞིག་ཡིན་པའི་རིན་ཐང་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
(གསར་འགོད་པ། བདེ་སྐྱིད་བུ་ཁྲིད། ཚེ་བརྟན་རྡོ་རྗེ། བདེ་སྐྱིད་སྒྲོལ་དཀར། གྲགས་པ་དབང་ཆེན། བདེ་ཆེན་དགྲ་འདུལ། )