གཡག་གུ་བཀྲ་ཤིས།
ཁོའི་མིང་ལ་གཡག་གུ་བཀྲ་ཤིས་ཟེར། ཁོ་ནི་ལང་ཚོའི་ཁོ་ལག་རྒྱས་སྒང་གི་གཡག་གུ་ཞིག་རེད།
ཉིན་ཞིག ཁོས་ཕ་མ་གཉིས་པོའི་ཁ་ལ་མ་ཉན་པར། རང་ཡུལ་བཞག་སྟེ་ལ་ལུང་མང་པོ་བརྒྱབ་ནས་ཕྱིན་མཐར། ས་རུབ་ཙམ་ལ་གྲོང་ཁྱེར་ཞིག་གི་མཐར་ཡོད་པའི་རི་ཞིག་གི་རྩེར་འབྱོར།
ཁོས་རི་རྩེ་ནས་རྒྱང་ལྟ་ཞིག་བྱས་རྗེས། སེམས་ལ་གྲོང་ཁྱེར་གྱི་མཚན་མོ་ནི་ཅི་འདྲའི་སྙིང་རྗེ་བ་ལ། རྩྭ་ཐང་གི་མཚན་མོ་ལས་ལྡབ་མང་པོས་སྙིང་རྗེ་བ་འདུག ཕར་འགྲོ་ཚུར་འོང་བྱེད་པའི་འཕྲུལ་འཁོར་གྱི་གློག་ནི་རྩྭ་ཐང་གི་མཐོངས་སུ་འཁྱུག་པའི་སྐར་མདའ་ལས་སྙིང་རྗེ་བ་འདུག གློག་འོད་ཁྲོད་ཀྱི་ཁང་པ་མཐོ་པོ་འདི་ཚོ་ནི་ངའི་ཕ་ཡུལ་གྱི་ལྷས་ར་གྲུ་བཞི་ལས་སྙིང་རྗེ་བ་འདུག གློག་འོད་ཁྲ་ཆིལ་སྦ་ཆིལ་འདི་ཚོ་ནི་རྩྭ་ཐང་གི་མེ་ཏོག་ལས་སྙིང་རྗེ་བ་འདུག ཨ་ལ་ལ། གང་ལྟར་གྲོང་ཁྱེར་ཟེར་བ་དེ་ངས་བསམས་པ་དང་གཅིག་པ་གཅིག་རྐྱང་རེད་འདུག ད་ཡིན་ན་ང་རང་ཡང་འདི་གར་འཚོ་བ་སྐྱེལ་དགོས། སྐྱིད་པ་ལ། ད་ཡིན་ན་ངས་གྲོང་ཁྱེར་དུ་ཕྱིན་ཏེ་ཟས་ཞིམ་པོ་རྒྱགས་ཚད་ཅིག་བཟས། དེ་ནས་ས་ཆ་གཙང་མ་ཞིག་ཏུ་གཉིད་སྐྱིད་པོ་ཞིག་ཉལ་དགོས་སྙམ།
ཁོ་རི་རྩེ་ནས་བབས་ཏེ་གྲོང་ཁྱེར་དུ་བསྐྱོད། ཁོས་ཁྲ་ཆིལ་སྦ་ཆིལ་གྱི་གློག་འོད་ལ་ལྟ་གིན་ཕར་འགྲོ་ཚུར་འོང་བྱེད་པའི་འཕྲུལ་འཁོར་གྱི་གསེབ་ཏུ་ཕར་རྒྱུག་ཚུར་རྒྱུག་ཡུན་རིང་བྱས། གང་ཙམ་སོང་རྗེས། ཁོ་ཐང་ཆད་ནས་ལམ་འགྲམ་དུ་ངལ་གསོ་བརྒྱབ་སྟེ་བསྡད། སྐབས་དེར་ཁོའི་ཁོག་པ་ནས་མཚམས་མཚམས་ལ“ཀུ་ལུ། ཀུ་ལུ”ཞེས་པའི་སྒྲ་ཞིག་གྲགས་པས། ཁོ་ལ་ད་གཟོད་ཁ་སྐོམ། གྲོད་པ་ཡང་ལྟོགས་པའི་ཚོར་སྣང་ཞིག་བྱུང་ཞིང་ཕོ་བར་ཡང་ན་ཟུག་ལྷང་ལྷང་ཞིག་གཏོང་བཞིན་པ་ཚོར།
དེ་ནས། ཁོས་གྲོང་ཁྱེར་གྱི་སྲང་ལམ་གང་སར་བཏུང་རྒྱུ་དང་བཟའ་རྒྱུ་བཙལ་ཀྱང་གང་ཡང་མ་རྙེད། ནམ་ཕྱེད་ཙམ་ལ་ཟ་ཁང་ཞིག་གི་སྒོ་རྩ་ནས་ལྟོ་ལྷག་བླུགས་པའི་ཟས་གཞོང་ཞིག་རྙེད། ཁོ་འུ་ཐུག་སྟེ་གད་སྙིགས་ཀྱིས་སྦགས་པའི་ལྟོ་ལྷག་དེ་ནས་གྲོད་པ་རྒྱགས་ཙམ་ཞིག་བཟས་རྗེས། ས་ཆ་གཙང་མ་མཁྲེགས་པོ་ཞིག་གི་ཐོག་ཉལ་བ་རེད། ཉལ་ནས་ཡུན་རིང་མ་སོང་བར། མི་ཞིག་ཡོང་ནས་ཁོའི་རྐུབ་ལ་རྡོག་རྒྱག་ཅིག་གཞུས་ཏེ། “ཕར་རྒྱུགས། འདི་རུ་གང་བྱུང་ཉལ་ཆོག་གི་རེད་པས”ཞེས་བཤད་པས། ཁོ་དེ་ནས་ལངས་ཏེ་མི་འགྲོ་ཀ་མེད་བྱུང་།
ཡང་ཁོས་ལམ་ཟུར་ཞིག་ཏུ་ཉལ་མ་བསྙེས་ཀྱིས་བསྡད་དེ་གཉིད་ཁུག་ཐབས་བྱས། ཡིན་ནའང་། ཁོ་ལ་བསམ་བློ་འདྲ་མི་འདྲ་འཁོར་བས་གཉིད་རྩ་བ་ནས་མ་ཁུག
ནམ་ལངས་སོང་། ཁོས་སྔོན་མ་གྲོང་ཁྱེར་དུ་ཡོང་སྐབས་ཀྱི་ལམ་དེ་བརྒྱུད་ནས་ཕ་ཡུལ་དུ་ལོག ཁོ་ཁྱིམ་དུ་བསླེབས་རྗེས། ཨ་མས་ཁོའི་མགོ་ལ་བྱིལ་བྱིལ་ཞིག་བྱས་ནས། “འོ་ཡག་བྱུང་ཨ་མའི་བུ། ཁྱོད་ལོག་ཡོང་བས་འགྲིག་པ་རེད། སོ་སོར་འཚམ་ཤོས་ཀྱི་ཁོར་ཡུག་ཅིག་ནང་འཚོ་བ་བསྐྱལ་ན་སྐྱིད་ཤོས་རེད”ཅེས་བཤད།