ཞི་མི་ངོ་གཉིས་མ།
ཉེ་ཆར། རྨོ་བོ་སྒྲོལ་མའི་ནང་ལ་ཙི་ཙི་མང་དུ་ཕྱིན་པས། ཞི་མི་ཞིག་གསོ་རྒྱུ་ནི་རྨོ་བོ་སྒྲོལ་མའི་ངོས་ནས་བརྗོད་ན་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཏུ་གྱུར། རྨོ་བོ་སྒྲོལ་མའི་བསམ་པར། ནམ་རྒྱུན་གླིང་སྐོར་ལ་འགྲོ་སྐབས་ཚ་ཕོག་རྒྱག་སའི་ཟ་ཁང་དེའི་སྒོ་རྩར་ཞི་མི་བདག་མེད་ཅིག་ཡོད་པ་དེ་ནང་ལ་ཁྲིད་ཡོང་ན། གཅིག་ནས་ཞི་མི་ཁོ་རང་སྐྱིད་པོ་ཡོང་ངེས་པ་དང་། གཉིས་ནས་ང་རང་ལ་ཡང་ཙི་ཙིས་སུན་པོ་འདི་འདྲ་བཟོ་གི་མ་རེད་བསམས་ནས་འདི་ལྟར་བྱ་རྒྱུར་ཐག་བཅད།
ཞི་མི་ཁོ་རྨོ་བོ་སྒྲོལ་མའི་ནང་དུ་བསླེབས་པ་ནས་བཟུང་། རྨོ་བོས་རང་གི་ཕྲུ་གུ་ལྟར་བྱམས་སྐྱོང་བྱས་པ་དང་། ཞི་མིས་ཀྱང་རྨོ་བོའི་ནང་གི་ཙི་ཙི་འཛིན་པ་དང་། ཙི་ཙི་ནང་ལ་ཡོང་དུ་མི་འཇུག་པ་སོགས་ཀྱི་ལས་ཀ་བསམ་པ་རྣམ་དག་གིས་བསྒྲུབས་པས། ཟླ་བ་གཅིག་མ་སོང་གོང་ནས་རྨོ་བོ་སྒྲོལ་མའི་ནང་ལ་ཙི་ཙི་མཐོང་རྒྱུ་མེད་པར་གྱུར།
དེ་ནས་ཟླ་བ་ཁ་ཤས་ཕྱིན་པའི་ཉིན་ཞིག རྨོ་བོ་སྒྲོལ་མ་གླིང་སྐོར་ལ་ཕྱིན་ནས་ལོག་བསླེབས་རྗེས་ཇ་སྲུབས་མ་ཞིག་བཟོ་དགོས་བསམས་ནས་མར་ལེན་པར་འགྲོ་སྐབས། ཐབ་ཚང་གི་བང་ཁྲིའི་སྟེང་དུ་ཡོད་པའི་མར་སྐོགས་ནང་གི་མར་དེ་མཐོང་སར་མེད་པ་རེད། རྨོ་བོ་སྒྲོལ་མའི་བསམ་པར། ཨ་ཁྱད་མཚར། དེ་རིང་ཞོགས་པ་རང་འདི་གར་བཞག་པ་ཡིན། ད་མར་སྐོགས་མ་གཏོགས་ལྷག་མི་འདུག གང་དུ་ཕྱིན་པ་ཡིན་ནམ། ངའི་ཞི་མི་སྙིང་དཀར་འདིས་ནི་རྐུ་རྒྱག་གི་མ་རེད། ཕལ་ཆེར་ང་རང་ལོ་རྒས་དྲགས་པས་དྲན་ཤེས་ཉམས་ནས་བརྗེད་པ་མ་གཏོགས། དེ་རིང་ཞོགས་པ་ནས་མར་སྐོགས་ལས་ལྷག་མེད་པ་ཡིན་གྱི་རེད་བསམས་ནས། སླར་ཡང་མར་ལྟང་གསར་པ་ཞིག་གི་ཁ་ཕྱེ་ནས་ཇ་བཟོས།
ཡང་ཉིན་ཞིག རྨོ་བོ་སྒྲོལ་མ་གླིང་སྐོར་ལ་ཕྱིན་ནས་ལོག་བསླེབས་པ་དང་། ཉིན་གུང་གི་ལྟོ་མ་བཟས་སྔོན་ལ་ཤ་ལྕུག་གཅིག་བཟས་ནས་ལྟོགས་པ་སེལ་དགོས་བསམས་ཏེ་ཐབ་ཚང་དུ་ཤ་ལེན་པར་སོང་། ཐབ་ཚང་དུ་སླེབས་སྐབས། ཤ་བླུགས་པའི་སློ་མ་དེའི་ཁ་གཅོད་ས་ལ་ཟགས་ཡོད་པ་དང་། ད་དུང་རྩམ་ཟོའི་ཁ་གཅོད་ཀྱང་གསེག་ལ་ཤོར་བ་མ་ཟད། རྩམ་ཟོའི་མཐའ་འཁོར་དུ་རྩམ་པ་ཐར་ཐོར་ཡོད་པ་མཐོང་བས། ད་ཡང་ཙི་ཙི་རེ་གཉིས་བསླེབས་པ་འདྲ་བསམས་པ་ལས་གཞན་དོགས་པ་གང་ཡང་མ་བྱས་པར། ཤ་ལྕུག་རྐང་གཅིག་འཁྱེར་ཏེ་ཐབ་ཚང་ལས་དོན། རྨོ་བོས་གདན་ཁྲིའི་ཐོག་བསྡད་ནས་ཤ་ཟ་གིན་ཞི་མི་ལ་གཏད་དེ། ནོར་བུ་འདིར་ཤོག ཨ་མས་ཤ་སྟེར་གོ་ཞེས་ལབ་པས། ཞི་མིས་ཀྱང་ཡ་ང་མདོག་གིས། མེའོ་མེའོ་ཞེས་སྐད་རྒྱག་ཞོར། རྨོ་བོའི་པང་ཁར་མཆོངས་ཤིང་རྨོ་བོར་བལྟས་ནས་ལྟོ་ཁ་གང་མ་རག་པའི་རྣམ་འགྱུར་ཞིག་བསྟན། རྨོ་བོས་ཁོའི་མགོ་ལ་བྱིལ་བྱིལ་བྱེད་ཞོར། ནོར་བུ་ལྟོགས་བྱུང་ངམ་ཞེས་བཤད་ནས་ཁོ་ལ་ཤ་རྡོག་གཅིག་སྤྲད་པས། ཁོས་ཤ་རྡོག་དེ་འཁྱེར་ནས་རྨོ་བོའི་གཞོགས་ཤིག་ཏུ་བཟས་རྗེས་གཉིད་ལ་ཤོར།
དེ་རིང་ཕྱི་ལ་ཆར་པ་བབ་བཞིན་ཡོད་པས་རྨོ་བོ་སྒྲོལ་མ་གླིང་སྐོར་ལ་འགྲོ་ཐབས་བྲལ། ཉིན་གུང་ཙམ་ལ། རྨོ་བོས་འཁྱགས་སྒམ་ནས་ཕྱུར་བ་རློན་པ་དེ་བཏོན་རྗེས་སྒྲོག་ཙེའི་ཐོག་བཞག་ནས་སྒོ་རའི་ནང་སྐྲ་འཁྲུད་པར་སོང་། རྨོ་བོ་སྐྲ་བཀྲུས་ཚར་རྗེས་ཕྱུར་བ་རློན་པར་རྩམ་པ་བརྒྱབ་པའི་སྐྱོ་མ་ལྡག་རྩིས་བྱེད་སྐབས། ཕྱུར་བའི་ཐོག་ཞི་མིའི་རྐང་རྗེས་གསལ་པོ་གཉིས་ཡོད་པ་མཐོང་བས། རྨོ་བོས་གདན་ཁྲིའི་ཐོག་སྔུར་པ་འཐེན་བཞིན་གཉིད་ཁུག་པའི་ཞི་མི་དེ་ལ་ལྟ་ཙམ་བྱས་རྗེས། ཕྱུར་བ་རློན་པའི་སྐྱོ་མ་ལྡག་གིན་ལྡག་གིན་ཉེ་ཆར་ཐོན་པའི་གནས་ཚུལ་དག་ལ་བསམ་བློ་བཏང་། ཡང་སྙིང་ག་རེ་བྱས་པ་ཡིན་ནམ། ད་གསལ་པོ་ཞིག་བཟོས་ན་མ་གཏོགས་ཡོང་བ་མི་འདུག་བསམས་ནས་གནས་ཚུལ་ཁ་གསལ་གཏིང་གསལ་ཞིག་བཟོ་རྒྱུའི་སེམས་ཐག་བཅད།
སང་ཉིན་དེར། རྨོ་བོས་ཞི་མིའི་མགོ་ལ་བྱིལ་བྱིལ་ཞིག་བྱས་ནས། ནོར་བུ། ནང་ལ་བཅག་གཅོག་མ་བྱས་པར་ཡག་པོ་བྱས་ནས་སྡོད་ཨང་། ཨ་མས་གླིང་སྐོར་ཐེངས་གཅིག་བརྒྱབ་ནས་ལམ་སེང་ལོག་ཡོང་ཞེས་བཤད་པར། ཁོས་མེའོ་ཞེས་གཞུ་གུ་རིལ་ཙམ་དང་མགོ་བོ་ཞུམ་ཙམ་བྱས་ནས་གདན་ཁྲིའི་ཐོག་ཉལ་ནས་བསྡད། རྨོ་བོས་ཁྱིམ་གྱི་སྒོ་བརྒྱབ་ནས་འགྲོ་ཁུལ་བྱས་རྗེས། སྒེའུ་ཁུང་གི་གསེང་ནས་ལྐོག་ལྟ་བྱས་ནས་བསྡད་པས། ཞི་མི་ངོ་གཉིས་མ་དེས་རྨོ་བོ་ཐོན་པ་དང་ལམ་སེང་ཡར་ལངས་ཏེ། སྔོན་ལ་ཅོག་ཙེའི་སྟེང་ཡོད་པའི་རྨོ་བོའི་ཅ་ནེའི་ནང་གི་ཇ་ཞག་རྣམས་བལྡགས་པ་དང་། དེ་ནས་ཆ་སྒམ་ཐོག་མཆོངས་ནས་ཁ་ཟས་རློན་པ་དེ་ལས་ཏོག་ཙམ་བཟས། དེ་ནས་ཡང་ཐབ་ཚང་དུ་འཛུལ་སོང་བ་བཅས་ཚང་མ་རྨོ་བོས་མཐོང་བས། རྨོ་བོའི་སེམས་ལ་ད་གནས་ཚུལ་གསལ་པོ་བྱུང་སོང་བསམས་ནས་སྒོ་ཕྱེ་སྟེ་ཁྱིམ་དུ་འཛུལ་བ་དང་། ཞི་མི་ཁོས་ཡ་ང་མདོག་གིས་རྨོ་བོའི་འགྲམ་དུ་ཡོང་ནས་མེའོ་ཞེས་སྐད་རྒྱག་ཞོར། རྨོ་བོའི་རྐང་པར་སྣ་སྦྱར་ཙམ་བྱས། རྨོ་བོས་ཀྱང་ཁོ་པང་དུ་བཏབ་ནས་མགོ་ལ་བྱིལ་བྱིལ་ཞིག་བྱས་རྗེས། མ་གཞི་ང་ཁྱོད་ལ་དགའ་པོ་ཡོད། ཡིན་ནའང་། ཁྱོད་ཀྱིས་མ་རབས་ཀྱི་ལས་ཀ་དེ་འདྲ་བྱས་པས་ང་ལའང་ཐབས་ཤེས་མི་འདུག་ཅེས་ཤོད་ཀྱིན། ཁོ་སྒོ་རའི་ཕྱི་ལོགས་སུ་བསྐྱལ་རྗེས་ཕྱི་མིག་ཙམ་ཡང་མ་བལྟས་པར་ནང་དུ་ལོག་ཡོང་།
དེ་ནས་བཟུང་། ཞི་མི་ངོ་གཉིས་མ་དེ་སྲང་ལམ་དུ་འཁྱམས་ནས་སྡོད་པའི་འཁྱམས་ཞིམ་ཞིག་ཏུ་གྱུར་བ་རེད།