དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལུག་རྫི་དང་སྤྱང་ཕྲུག།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།   པད་མ་རྒྱལ་པོ།    |     སྤེལ་དུས།  2024-08-04

    ཁ་བ་ཆེན་པོ་འབབ་པའི་ཉིན་ཞིག་གི་ས་སྲོད་ལ། ལུག་རྫི་ཞིག་གིས་ལུག་ཁྱུ་འདེད་བཞིན་ལྷས་རའི་ཕྱོགས་སུ་ཡོང་གི་ཡོད། གློ་བུར་དུ་ལུག་རྣམས་འདྲོགས་ནས་ཁ་ཐོར་ཙམ་བྱས་རྗེས་ཚང་མས་ཕྱོགས་གཅིག་ཏུ་བལྟས་ནས་བསྡད་འདུག ལུག་རྫིས་ཀྱང་དེའི་ཕྱོགས་སུ་བལྟས་པས་ཁྱི་ཕྲུག་གམ་སྤྱང་ཕྲུག་གང་ཡིན་ཆ་མི་འཚལ་བའི་སེམས་ཅན་ཆུང་ཆུང་ཞིག་ཁ་བ་མཐུག་པོས་གཡོགས་ནས་ལུས་པོ་འདར་སིག་སིག་བྱེད་བཞིན་པ་མཐོང་། ལུག་རྫིའི་བསམ་པར་འདི་འཁྱགས་ཤི་ཐེབས་གྲབས་ཡོད་པ་འདྲ། སྙིང་རྗེ་ཨང་བསམས་ནས་དེའི་ལུས་ཐོག་གི་ཁ་བ་རྣམས་རྡེབ་རྡེབ་བཏང་རྗེས་རང་གི་ཨམ་ཕྲག་ནང་བཅུག་སྟེ་མུ་མཐུད་ལུག་ཁྱུ་དེད་ནས་ཕྱིན།

    ཁྱིམ་དུ་འབྱོར་རྗེས། ལུག་རྫིས་སེམས་ཅན་ཆུང་ཆུང་དེ་ལྕགས་ཐབ་ཀྱི་འགྲམ་དུ་བཞག་པ་དང་། དེ་ནས་ཤ་ཁུ་ཚ་པོ་ཕོར་པ་གང་སྟེར་བས་རིམ་བཞིན་གྲུང་ཤ་དོད་དུ་ཕྱིན། དེ་ནས་བཟུང་། ལུག་རྫི་གང་དུ་སོང་ཡང་སེམས་ཅན་ཆུང་ཆུང་དེས་ཀྱང་ཁོའི་རྗེས་སུ་ཡོང་གི་ཡོད་པ་དང་། ལུག་རྫིས་ཀྱང་སེམས་ཅན་ཆུང་ཆུང་དེ་བྱམས་ཀྱིས་བསྐྱངས།

    སེམས་ཅན་ཆུང་ཆུང་དེ་ཉིན་རེ་ལས་མ་འདས་པར་འཚར་ལོངས་བྱུང་བ་དང་ཆབས་ཅིག ཁོའི་བཟོ་ལྟ་ཡང་མངོན་གསལ་དོད་དུ་སོང་བས། ལུག་རྫིས་སེམས་ཅན་ཆུང་ཆུང་དེ་སྤྱང་ཕྲུག་ཡིན་པ་ཤེས། ལུག་རྫིའི་བསམ་པར། མ་གཞི་འདི་སྤྱང་ཀི་རེད་འདུག འོན་ཀྱང་། ང་རང་ལ་ཡང་ལུག་འཚོ་རོགས་དང་ལྷས་རར་སྐོར་གཡེང་བྱེད་རོགས་ཀྱི་སྒོ་ཁྱི་ཞིག་དགོས་ཀྱི་འདུག་པས། འདི་མུ་མཐུད་གསོས་ན་སྒོ་ཁྱི་རྩེ་གྲ་ཞིག་གི་ཚབ་ཡོང་གི་རེད་བསམས་ནས་མུ་མཐུད་གསོས།

    ལོ་གཅིག་ཙམ་ཕྱིན་པའི་རྗེས་ཀྱི་ཉིན་ཞིག་གི་ཞོགས་པར། ལུག་རྫིས་སྔར་རྒྱུན་ལྟར་ལུག་རྣམས་ལྷས་ར་ལས་གློད་པར་ཕྱིན། འོན་ཀྱང་། ལྷས་རའི་ནང་མིད་པ་ནས་ཁྲག་དམར་འཛར་འཛར་དོན་ཏེ་དབུགས་ཆད་པའི་ལུག་རོ་བཅུ་གྲངས་ཤིག་མ་གཏོགས་མེད་ལ། ལྷས་རའི་སྒོ་ཡང་འགྱེལ་འདུག དེ་ལྟར་མཐོང་རྗེས་ཁོས་ལམ་སེང་མདང་དགོང་ལྷས་རའི་ནང་སྤྱང་ཀི་ཤོར་བ་ཤེས་ཤིང་། ལུག་གཞན་རྣམས་གང་དུ་སོང་བ་ཡིན་ནམ་བསམས་ཏེ་ལྷས་རའི་ཕྱོགས་བཞིར་འཚོལ་དུ་སོང་། ལུག་གཞན་རྣམས་ནི་ལྷས་ར་དང་ཐག་མི་རིང་བའི་ས་ཆ་ཞིག་ན་ཚང་མ་གཅིག་ཏུ་རུབ་ཅིང་མགོ་བོ་ཀེ་རེར། རྣ་ཅོག་ཀྲོང་ངེར། མིག་ཟུང་ཅེ་རེར་དབུགས་ཧལ་བཞིན་འདུག ལུག་རྫིས་ལུག་རྣམས་དལ་གྱིས་དེད་ནས་ལྷས་རར་བཅུག་པ་དང་། དེ་ནས་ལུག་རོ་རྣམས་ལྷས་རའི་ཕྱིར་བཏོན་རྗེས་ཐང་ཆད་ནས་ངལ་གསོ་ཞིག་བརྒྱབ། དེའི་ཚེ་ཁོས་གཞི་ནས་རང་གིས་གསོས་པའི་སྤྱང་ཕྲུག་དེ་བསྡད་མེད་པ་ཤེས་པས། རང་གིས་རང་ལ། སྤྱང་ཕྲུག་གསོས་ནས་སྒོ་ཁྱི་མི་ཉན་ཟེར་བའི་གཏམ་དེ་དངོས་གནས་བདེན་པ་རང་རེད་ཅེས་ཆིག་ལབ་ཤོར།  

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།