སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་ངང་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ“སྣེ་གདོང”
རིག་གནས་འབྱུང་ཁུངས་སྲུང་སྐྱོང་ལེགས་པར་བྱས། གནའ་ཉམས་དོད་པའི་དེང་གི་ཡུལ་ལུང་སྐྱིད།
འདི་ནི་འོན་ཆུ་ལུང་གཞུང་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་རྒྱལ་བཟང་གྲོང་ཚོའི་ཙུའུ་དང་པོ་ནས་རྒྱང་བལྟ་བྱེད་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནི་བོད་མི་རིགས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན་པས་དེར“བོད་ཀྱི་འབྱུང་ཁུངས”ཞེས་པའི་མཚན་སྙན་ལྡན་ཡོད། བོད་ཀྱི་ཞིང་ཁ་དང་པོ་ཟོ་ཐང་ཞིང་དང་། གྲོང་ཚོ་དང་པོ་ཡར་ཀླུང་སོག་ཁ། ཕོ་བྲང་དང་པོ་ཡུམ་བུ་བླ་མཁར། ལྷ་མོ་དང་པོ་འབག་དཀར་པོ། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོ་ལ་སོགས་པ“དང་པོ”མང་པོ་ཞིག་ལས་སྣེ་གདོང་ཆུས་ཀྱི་གནའ་བོའི་ཉམས་འགྱུར་ལྡན་པའི་ལོ་རྒྱུས་རིང་ལ་ནང་དོན་གཏིང་ཟབ་པའི“བོད་ཀྱི་འབྱུང་ཁུངས”ཀྱི་རིག་གནས་ཀྱི“གཞི་རྒྱུའི་མཛོད”བཏོད་ཡོད་པ་རེད།
2023ལོར་སྣེ་གདོང་ཆུས་དེ་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་ངང་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་སྟོན་ཁུལ་དང་པོར་གྱུར་པ་དེ་ཐོག་ནས་སྣེ་གདོང་ཆུས་ཀྱི་སྲོལ་རྒྱུན་གྲོང་ཚོ་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གནས་ཀྱིས་ཁྱོན་གྱི་སྣེ་ཁྲིད་པ་དང་། ཡུག་སྦྲེལ་སྲུང་སྐྱོང་བྱེད་པ། ཁྱབ་འགྱེད་སྐུལ་ཁྲིད་བྱེད་པ་བཅས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། སྣེ་གདོང་ཆུས་ཀྱིས“སྲུང་སྐྱོང་སྔོན་ལ་བྱེད་པ་དང་། བེད་སྤྱོད་རྨང་གཞིར་བྱེད་པ། རྒྱུན་འཛིན་རྩ་བར་འཛིན་པ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་དཔེ་སྟོན་ཁུལ་ནང་གི་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་7གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་དང་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཀྱི་སྣེ་ཁྲིད་ཁུལ་དུ་བརྩིས་ནས་དཔྱད་གཞིར་འཛིན་ཆོག་པ་དང་། འདྲ་བཟོ་ཆོག་པ། ཁྱབ་གདལ་གཏོང་ཆོག་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་གྱི་སྲུང་སྐྱོང་བེད་སྤྱོད་བྱེད་སྟངས་དང་ལས་དོན་སྤེལ་སྟངས་འཚོལ་ཞིབ་ཚོད་ལྟ་བྱས་པ་རེད།
སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ“གནས་རྒྱུད་ཁྱོན”གསུམ་གྱི་བཀོད་པ་སྣུར་བསྲིང་བྱས་པ།
སྐྱེད་པ་ཤང་བསམ་མཁར་གྲོང་ཚོར་གསར་འགོད་པས་སྣེ་གདོང་ཆུས་སྲོལ་རྒྱུན་གྲོང་ཚོའི་གཅིག་སྡུད་ཡུག་སྦྲེལ་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་སྟོན་རྣམ་གྲངས་ཀྱི་ལས་སྒྲུབ་ས་ཚིགས་སུ་རི་མོ་མཁས་ཅན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ལག་ཏུ་སྨྱུ་གུ་བཟུང་ནས་བྱང་ཆུབ་པའི་ངང་གྱང་དང་ཤིང་སྒོའི་སྟེང་དུ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་རྩེར་སོན་རི་མོ་བྲིས་པ་མཐོང་བྱུང་།
འདི་ལོའི་ཟླ་3པར་སྣེ་གདོང་ཆུས་ཀྱིས་བསམ་མཁར་གྲོང་ཚོ་དང་རྒྱལ་བཟང་གྲོང་ཚོ་གཉིས་སྔོན་ལ་ལག་བསྟར་གྱི་དཔེ་སྟོན་གྲོང་ཚོར་བྱས་ཏེ་གནས་དང་རྒྱུད་ཀྱིས་ཁྱོན་གྱི་སྣེ་ཁྲིད་ནས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་བེད་སྤྱོད་ཀྱི་དཔེ་སྟོན་ལས་དོན་སྤེལ་ཞིང་། བེད་མེད་དུ་ལུས་པའི་སྤྱི་པའི་བཟོ་བཀོད་དེ་རོགས་རེས་ཇ་ཁང་དང་གྲོང་མིའི་རིག་གནས་བྱེད་སྒོའི་ལྟེ་གནས་སུ་སྒྱུར་བཀོད་བྱས་པ་དང་། བསམ་མཁར་གྲོང་ཚོའི་གསར་བརྗེའི་རོགས་རེས་སྐྱེ་ཁམས་གླིང་དང་རྒྱལ་བཟང་གྲོང་ཚོའི་ལྷ་མོའི་སྐྱེ་ཁམས་གླིང་སོགས་སྒྱུར་བཀོད་རིམ་སྤོར་བྱས་པ། ཁྲོམ་གཞུང་དང་སྲང་ལམ་གྱི་རྩིག་ཟུར་སོགས་བེད་སྤྱད་ནས་གྱོན་གོས་བཀྲུ་ས་དང་། འཆམ་འཆམ་དུ་སྐྱོད་ས། ཞབས་བྲོ་འཁྲབ་ས་སོགས་ཀྱི་བྱེད་ནུས་མང་བའི་ས་ཆར་སྒྱུར་བཀོད་བྱས་ཡོད། བྱེད་ཐབས་དེས་གྲོང་མིར་རིག་གནས་སྤྲོ་གསེང་བྱ་ཡུལ་དང་སྒྲིག་བཀོད་མཁོ་འདོན་བྱེད་པ་དང་དུས་མཚུངས་ཞིབ་སློབ་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཀྱི་གཉེར་སྐྱོང་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་དུ་བཏང་ཡོད་པ་རེད།
མིག་སྔར་བསམ་མཁར་གྲོང་ཚོའི་སྲོལ་རྒྱུན་གྲོང་ཚོའི་འགྲོ་ལམ་དང་བཙོག་ཆུའི་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཕྱེད་ཀ་ལྷག་ཙམ་བསྐྲུན་པ་དང་སྤྱི་པའི་བཟོ་བཀོད་དང་སྐྱེ་ཁམས་གླིང(གླིང་ག)སོགས་རྣམ་གྲངས་སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར་ལེགས་གྲུབ་ཐུབ་རྒྱུ་ཡིན་པ་རེད།
“སྲོལ་རྒྱུན་གྲོང་ཚོ་སྒྱུར་བཀོད་བྱས་པས་གྲོང་ཚོ་མཛེས་སུ་ཕྱིན་པ་མ་ཟད། ང་ཚོའི་འཚོ་བ་དེ་བས་སྐྱིད་དུ་ཕྱིན་སོང”ཞེས་བསམ་མཁར་གྲོང་ཚོའི་གྲོང་མི་རིག་འཛིན་གྱིས་བཤད།
ཇུས་ཤུགས་མཉམ་འདོན་གྱིས“བདག་པོའི”འདུ་ཤེས་ཟབ་ཏུ་བཏང་བ།
2023ལོའི་ཟླ་8པར་སྣེ་གདོང་ཆུས་ཀྱིས་ཀྲུང་གོ་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་ནུབ་རྒྱུད་ཡན་ལག་ཁང་ལ《ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་སྦྲེལ་གྱི་སྲུང་སྐྱོང་བེད་སྤྱོད་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)སྒྲིག་བཟོ་བྱེད་རྒྱུའི་མངགས་བཅོལ་བྱས་ནས་རིག་གནས་དར་རྒྱས་ཕྱོགས་སྟོན་དུ་བྱེད་པའི་གཅིག་སྡུད་ཡུག་སྦྲེལ་གྱི་སྲུང་སྐྱོང་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱས་ཤིང་། 《འཆར་འགོད》ནང་གྲོང་གསེབ་དར་རྒྱས་ཅུས་དང་། སྐྱེ་ཁམས་ཁོར་ཡུག་ཅུས། ཆུ་བེད་ཅུས་སོགས་སྡེ་ཚན་གྱི་ཆེད་དངུལ་སྒོར་དུང་ཕྱུར་2.4སྤྱི་ཡོངས་སྤྱི་འདོམས་བྱས་ཏེ་རྣམ་གྲངས་མཛོད་ཀྱི་དོ་དམ་ལམ་ལུགས་བཙུགས་པས་མ་དངུལ་བསྡུ་སྒྲིལ་གྱི་ཕན་འབྲས་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། སྤྱི་ཚོགས་ཀྱི་མ་དངུལ་སྒོར་ཁྲི་5000ལྷག་ཙམ་སྐུལ་ཁྲིད་བྱས་པ་རེད།
དེ་དང་ཆབས་ཅིག་སྣེ་གདོང་ཆུས་ཀྱིས་ད་དུང་བྱེད་ཐབས་སྣ་ཚོགས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་གསར་གཏོད་ཀྱི་གཏིང་ཤུགས་དང་གསར་གཏོད་ཀྱི་བློ་གྲོས་གང་ལེགས་བཏོན་ནས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་གྲོང་མིའི་སྡོད་གནས་ཀྱི་དགོས་མཁོ་དོ་སྙོམས་ཡག་ཤོས་ཡོང་བའི་འགན་ལེན་བྱས་པ་རེད། འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་གྲོས་བསྡུར་དང་ཇུས་ཤུགས་མཉམ་འདོན་བྱས་ནས“སྲིད་ཇུས་གཅིག”སྟེ་གྲོང་མིའི་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)བཏོན་ནས་གྲོང་མིའི་སྡོད་ཁང་སྒྱུར་བཀོད་བྱ་སྤྱོད་སྤེལ་བའི་བརྒྱུད་རིམ་དང་། ཁ་གསབ་ཚད་གཞི། དོ་དམ་ཚོད་འཛིན་གྱི་བླང་བྱ་བཅས་ཁ་གསལ་བཟོས་ཏེ་གྲོང་མི་བྱེད་པོར་བྱས་ནས་རང་ཁྱིམ་གྱི་སྡོད་ཁང་སྒྱུར་བཀོད་ཉམས་གསོ་དང་། མ་གནས་དམའ་པོས་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་བ་དང་སྲོལ་རྒྱུན་བཟོ་སྐྲུན་གྱི་བཟོ་རྩལ་རྒྱུན་འཛིན་བྱས་ཡོད། “ལག་དེབ་གཅིག”སྟེ《གྲོང་མིའི་སྡོད་ཁང་སྒྱུར་བཀོད་ལག་དེབ》སྒྲིག་བཟོ་བྱས་ཏེ་རི་མོ་དང་ཡི་གེ་མཉམ་བསྲེས་དང་གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་གྲོང་མིའི་སྡོད་ཁང་གི་བཟོ་སྐྲུན་དེ་ཕྱིའི་གྱང་དང་། སྒེའུ་ཁུང་། སྒོ་ར། སྒོ་རའི་བར་མཐོངས་སོགས་ཁག་12ལ་ཕྱེ་སྟེ་དེང་རབས་ཅན་གྱི་སྡོད་གནས་ཀྱི་ནུས་པ་དང་འཚམ་ལ་སྲོལ་རྒྱུན་གྱི་ཉམས་འགྱུར་ཡང་སོར་ཉར་བྱས་པའི་སྒྱུར་བཀོད་བྱེད་སྟངས་བཏོན་ཡོད། “ཡིག་ཚགས་གཅིག”སྟེ་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང“དུད་ཚང་རེར་ཡིག་ཚགས་རེ”བཟོས་ནས་དུད་ཚང་ཚང་མའི་ད་ལྟའི་གནས་ཚུལ་དང་། སྒྱུར་བཀོད་ནང་དོན། གཞི་ཁྱོན་བཅས་ཁ་གསལ་བཟོས་ཏེ་དཔེ་སྟོན་དུད་ཚང་སྔོན་ལ་ལག་བསྟར་དང་། གྲོང་མིའི་ཚོགས་ཆེན། དུད་ཚང་དུ་བསྐྱོད་ནས་སྤེལ་རེས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱིས་རང་ངོས་ནས་སྒྱུར་བཅོས་དང་འཛུགས་སྐྲུན་བྱ་རྒྱུའི་སྐུལ་སློང་བྱས་པ་རེད།
“སྲིད་ཇུས་གཅིག་དང་། ལག་དེབ་གཅིག ཡིག་ཚགས་གཅིག”བཅས་བརྒྱུད་སྣེ་གདོང་ཆུས་སུ་གྲོང་མི་བྱེད་པོར་བྱེད་པ་དང་། སྲིད་གཞུང་དང་ཇུས་འགོད་པས་ཁྲིད་སྟོན་ཧུར་ཐག་བྱེད་པ། སྲོལ་རྒྱུན་གྱི་བཟོ་བོ་དང་དེ་བཞིན་གྲོང་མི་ཨར་ལས་ནང་ཞུགས་པ། ཆེད་ལས་ལག་རྩལ་པས་འདེགས་སྐྱོར་བྱེད་པ་བཅས་ཀྱི་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་སྲུང་སྐྱོང་བེད་སྤྱོད་ཀྱི་ལམ་སྲོལ་ཆ་ཚང་ཞིག་ཆགས་པ་རེད།
ལམ་སྲོལ་དེ་ལས་གྲོང་མིའི་བྱེད་པོའི་འདུ་ཤེས་དང་གྲོང་མིའི་རིག་གནས་རིན་ཐང་གི་ངེས་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། ད་དུང“མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་གཙང་སྒྲུབ་བྱེད་པ། མི་ཚང་མས་ལོངས་སུ་སྤྱོད་པ”བཅས་ཀྱི་གྲོང་མིའི་སྲུང་སྐྱོང་གི་རིན་ཐང་ལྟ་བ་ཡང་བཙུགས་ནས། སྲོལ་རྒྱུན་གྲོང་ཚོ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།
བྱ་ཐབས་སྣ་མང་ལ་བརྟེན་ནས“ཞིང་ལས་དང་། རིག་གནས། ཡུལ་སྐོར”བཅས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ཡར་ཀླུང་བཀྲ་ཤིས་ཞོལ་པའི”འབྱུང་གནས་ཡིན་པས“ལྷ་མོ་འཁྲབ་སྟོན་གྱི་གྲོང་ཚོ་དང་པོ”ཞེས་འབོད་ཀྱི་ཡོད།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་བྱེད་རིང་། ཡུལ་སྐོར་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱས་ནས་གྲོང་ཚོ་གཉེར་སྐྱོང་དོ་དམ་ལ་གཞོགས་འདེགས་བྱས་པ་མ་ཟད། ད་དུང་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ལས་སྟེགས་བརྒྱུད་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཀྱང་བྱས་པ་རེད། དེ་དང་ཆབས་ཅིག་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་ལ་མཐོང་ཆེན་བྱས་ནས་ལྷ་མོ་འཁྲབ་སྟོན་ཚོགས་པའི་རིག་རྩལ་འཁྲབ་སྟོན་ལེ་ཚན་གསར་སྒྱུར་ཧུར་ཐག་དང་འཁྲབ་སྟོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ“ལྷ་མོ་འཁྲབ་སྟོན་གྱི་གྲོང་ཚོ་དང་པོའི”མིང་བྱང་བཏོད་པ་རེད། མིག་སྔའི་བར། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་60000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་600ལྷག་ཙམ་འཕར་ནས་གྲོང་མི་མང་པོ་ཞིག་ཕ་ཡུལ་དང་ཁ་འབྲལ་མི་དགོས་པར་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད་པ་རེད།
སྣེ་གདོང་ཆུས་ཀྱིས་སྲོལ་རྒྱུན་གྲོང་ཚོར་གྲོང་གསེབ་ཀྱི་ཞིང་སྡེའི་མཛེས་ལྗོངས་དང་། སོ་ནམ་ཤེས་དཔལ། རང་བྱུང་མཛེས་ལྗོངས་སོགས་ཐོན་ཁུངས་ཟུང་འབྲེལ་དམ་ཟབ་བྱས་ཏེ“ཞིང་ལས་དང་། རིག་གནས། ཡུལ་སྐོར”བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་ཀྱིས་སྐྱེ་ཁམས་ལྟ་སྐོར་དང་། བདེ་ཐང་སྤྲོ་གསེང་། ཞིབ་སློབ་ཉམས་ལེན་སོགས་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ་དང་ཆབས་ཅིག ཞིང་པར་འབྲེལ་གཏུག་དང་ཞིང་དུད་ལ་སྐུལ་ཁྲིད་ཀྱི་ལམ་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས། ས་མཐོའི་རོང་སའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་འགྱུར་བར་ཁྲིད་སྟོན་བྱས་པ་རེད།
སྣེ་གདོང་ཆུས་ཀྱིས་སྐྱེད་པ་ཤང་དུ་དབྱངས་སྙན་སྤྲོ་སྐྱིད་ཁང་བོད་ལྗོངས་སྦྲང་ནོར་བུ་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྐྱེ་ཁམས་ཉམས་ལེན་གླིང་བསྐྲུན་པ་མ་ཟད། རྒྱལ་ཁབ་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བདེ་བླག་ངང་རེ་ཞུ་ཐུབ་ནས་སྦྲང་རྩིའི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། མིག་སྔར། གྲོང་ཚོའི་མཉམ་སྡེབ་ལ་སྦྲང་སྒམ་350དང་སྦྲང་མ་གསོ་ཚགས་ས་ཚིགས་3ཡོད་པ་དང་། གྲོང་མི་50ལྷག་ཙམ་སྦྲང་ནོར་བུ་གསོ་ཚགས་གསོ་སྦྱོང་ལ་ཞུགས་ཡོད་པ་རེད། སྣེ་གདོང་ཆུས་ཀྱིས་ཝུའུ་ཧན་གྲོང་ཁྱེར་གྱི་ཐོན་ལས་བོད་སྐྱོར་རྣམ་གྲངས་དང་འབྲེལ་མཐུད་ཧུར་ཐག་བྱས་ཤིང་། ད་ཆ་རྒྱལ་བཟང་གྲོང་ཚོར་སྐྲུན་བཞིན་པའི་རྒུན་འབྲུམ་ཨ་རག་ཐོན་སྐྱེད་དང་། ལྟ་སྐོར་ཡུལ་སྐོར། བོད་ལུགས་ཀྱི་ཁྱད་ལྡན་གླིང་ག རྩེར་སོན་དམངས་སྲོལ་གནས་ཚང་བཅས་གཞི་གཅིག་ཏུ་འདུས་པའི་རྒུན་འབྲུམ་ཨ་རག་གཞིས་ཀར་བརྟེན་ནས་གྲོང་མི་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་རྒྱུ་ཡིན་པ་རེད།
ཚོང་གཉེར་ཁོར་ཡུག་དང་ལས་ཞུགས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་བརྒྱུད་སྣེ་གདོང་ཆུས་ཀྱི་ཚོང་འགུགས་མ་འདྲེན་དང་། ཤེས་ལྡན་པ་དང་བློ་རིག་འདྲེན་འགུག་ལས་དོན་ཡར་ངོའི་ཟླ་ལྟར་གོང་འཕེལ་ཕྱིན་པ་དང་བསྟུན་ནས་ལྷ་མོ་འཁྲབ་སྟོན་དང་། བོད་ཀྱི་སྦྲང་རྩི། རྒུན་འབྲུམ་ཨ་རག་སོགས་ཐོན་ལས་མང་པོ་འཕེལ་རྒྱས་སོང་ནས། ཁེ་ལས་དང་ས་གནས་དེ་གའི་གྲོང་མི་གཉིས་ཁེ་གཉིས་ཕན་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད་པ་རེད། ད་ཆའི་སྣེ་གདོང་ཆུས་སུ་ཁྱིམ་གཞིས་དང་། ཞིང་ར། མེ་ཏོག་ལྡུམ་ར། ཤིང་འབྲས་ར་བ། དགའ་ཚལ་བཅས་ལས་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་ཞིང་ཁམས་གྲུབ་པས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ་དང་མི་སེར་ཕྱུག་པོར་གྱུར། སྲོལ་རྒྱུན་གྲོང་ཚོར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་སྦྱིན་ཡོད་པ་རེད།