སློབ་བུ་ལས་དང་པོ་བའི་བློ་སྒོ་འབྱེད་པའི་སློབ་ཁྲིད་ཐབས་ལམ་ཕྲན་ཙམ་གླེང་བ།
【ནང་དོན་གནད་བསྡུས།】 སློབ་མའི་བློ་སྒོ་ཡངས་པོར་འབྱེད་པ་དང་བློ་སྒོ་དྲང་ཕྱོགས་སུ་འབྱེད་པ་དེ་ནི་སློབ་གསོ་དང་སློབ་གསོ་བ་ཞིག་གི་ཆེས་མཐར་གཏུགས་ཀྱི་དམིགས་ཡུལ་ལྟ་བུ་ཞིག་ཡིན། རྩོམ་ཡིག་འདིའི་ནང་རང་ཉིད་ཀྱི་སློབ་གསོའི་ལས་ཐོག་ཉམས་མྱོང་ལ་དབྱེ་ཞིབ་ཀྱིས། ལས་དང་པོ་བའི་གསར་བུར་སློབ་ཁྲིད་ཇི་ལྟར་བྱ་བ་དང་ནང་དོན་གང་དག་གཙོ་གནད་འཛིན་ནས་སློབ་མའི་བློ་སྒོ་འབྱེད་ཐབས་ལ་བསམ་གཞིགས་དང་དཔྱད་པ་ཅུང་ཙམ་བྱས་ཁུལ་ཡིན།
【བརྡ་ཆད་གཙོ་བོ།】 སློབ་གསོ། སློབ་མ། སློབ་ཁྲིད། བློ་སྒོ་འབྱེད་པ། ཐབས་ལམ།
གླེང་སློང་།
དེ་ཡང་རང་ཉིད་བོད་ལྗོངས་ནང་བསྟན་མཐོ་རིམ་སློབ་གྲྭའི་དགེ་མིང་པ་ཞིག་གི་ངོས་ནས། རྒྱའི་སྐད་ཡིག་དང་བསམ་བློ་ཆབ་སྲིད་སོགས་ལ་སྦྱོང་པར་བྱེད་མཁན་གྱི་བཙུན་གཟུགས་འཛིན་པ་ལས་དང་པོ་བའི་གསར་བུ་མི་ཉུང་བ་ཞིག་ལ་སློབ་ཁྲིད་ཀྱི་མྱོང་བ་ཕྱོགས་སུ་བསྡུས་ཤིང་། ཡུལ་དུས་བྱེད་པོ་དེའང་དགོས་པའི་དབང་གིས་སློབ་ཆུང་དང་སློབ་ཆུང་སློབ་མར་དཔེ་བླངས་ནས་འདིར་བློ་སྒོ་འབྱེད་པའི་སློབ་ཁྲིད་ཐབས་ལམ་ལ་དཔྱད་ཁུལ་བྱས་ཡོད། དེས་ན། སློབ་མ་ཞིག་གི་ངོས་ནས་བརྗོད་ན། ཤེས་བྱའི་རྣམ་གྲངས་སྣ་ཚོགས་པ་ཁོངས་སུ་ཆུད་རྒྱུ་དེ་ལམ་ལྟ་བུ་ཞིག་དང་། རང་ཉིད་ཀྱི་རིག་པའི་ཀློང་རྡོལ་བ་དང་བློ་སྒོ་ཡངས་པར་ཕྱེ་ནས་མ་འོངས་པའི་མི་ཚེའི་ཁ་ཕྱོགས་དང་འབད་ཐབས་བརྟན་པོར་འཛུགས་ཐུབ་རྒྱུ་དེ་ནི་དམིགས་ཡུལ་དམ་པ་དེའོ། ། སློབ་ཆུང་ནི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་སློབ་སྦྱོང་གི་བརྒྱུད་རིམ་ཐོག་མ་དང་གལ་འགངས་ཆེ་ཤོས་ཤིག་ཡིན། སློབ་མའི་མི་གཤིས་དང་སྤྱོད་ལམ། སློབ་སྦྱོང་དང་འཚོ་བའི་གོམས་གཤིས་སོགས་ཚེ་གང་ལུས་ལ་འཇགས་པའི་སྐྱོན་ཡོན་ཐ་དག་སློབ་ཆུང་སྐབས་ནས་རིམ་བཞིན་གོམས་འདྲིས་སུ་འགྱུར་བར་བྱེད། དེས་ན། སློབ་ཆུང་སློབ་གསོ་ནི་མི་ཚེའི་གར་སྟེགས་སྟེང་མེད་དུ་མི་རུང་བའི་ཐེམ་སྐས་དང་པོ་ལྟ་བུ་ཞིག་རེད། ང་ཚོས་སློབ་གསོ་གཉེར་བའི་མཛུབ་ཁྲིད་ཀྱི་བསམ་བློ་བགྲོ་གླེང་དང་ཆ་འཕྲིན་བསྡུ་ལེན། སྤུས་ཚད་ལ་སྟ་གོན་བགྱིས་ནས་སློབ་ཆུང་སློབ་གསོའི་བརྒྱུད་རིམ་ནང་སློབ་མའི་དོན་དངོས་ཀྱི་འཚོ་བ་དང་ཡིད་སེམས་ཀྱི་འགྱུར་བར་མཚུངས་པའི་ནང་དོན་དང་ཐབས་ལམ་བེད་སྤྱོད་གཏོང་དགོས་ལ། དེ་བས། བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་བྱ་ཐབས་བེད་སྤྱོད་གཏོང་རྒྱུ་གལ་འགངས་ཤིན་ཏུ་ཆེའོ། །
དང་པོ། སློབ་གསོའི་ནང་དོན་མདོར་བཤད།
བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཤེས་བྱ་བརྒྱུད་སྤྲོད་དང་རིག་སྟོབས་འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་གཅིག་ཏུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་གལ་ཆེར་འཛིན་དགོས་པ་དང་། ང་ཚོས་སློབ་དགོས་པ་ནི་ཚན་རིག་དང་མཐུན་ཞིང་སློབ་མའི་རྒྱུད་ལ་ལྡོག་ནུས་མི་ཐོན་པ། སློབ་གསོ་དང་སློབ་ཁྲིད་ཟུང་སྦྲེལ་བྱས་ཏེ། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་པའི་དམིགས་ཚད་གཙོ་བོར་བཟུང་བ་དང་། སློབ་མས་སྦྱང་བྱའི་བསླབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་ཆབས་ཅིག་དགེ་རྒན་གྱིས་སློབ་མར་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་གཏོད་པ་མ་ཟད། སློབ་ཁྲིད་ཀྱི་ནང་དོན་ལ་གཞིགས་ནས་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ། སློབ་མའི་བསམ་བློ་དང་འཇིག་རྟེན་ལ་འཛིན་པའི་ལྟ་བ། ཡང་དག་པའི་རིན་ཐང་དང་བྱ་དངོས། མི་ཚེ། ཁོར་ཡུག་སོགས་ལ་འཛིན་པའི་འདུ་ཤེས་སྐྱེད་སྲིང་། སྤྱི་ཚོགས་ཀྱི་འགྲན་སློང་ཆེན་མོ་འདིའི་ནང་སྤྱོད་སྒོ་ངེས་ཅན་ཡོད་པའི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་དམིགས་ཡུལ་དུ་འཛིན་དགོས། ཐབས་ལམ་དེས་སློབ་སྦྱོང་གི་བརྒྱུད་རིམ་གཙིགས་སུ་བཟུང་ནས་སློབ་མ་ཚོ་བརྒྱུད་རིམ་དེའི་སྲོག་ཤིང་དུ་བརྩིས་ཏེ་སློབ་མ་རང་ཉིད་ཀྱིས་འཚོལ་ཞིབ་དང་དཔྱད་པ། གསར་གཏོད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཡོང་བ་བྱས་ནས་རིམ་གྱིས་སློབ་མའི་རང་སྟོབས་ཀྱི་ཤེས་པ་དང་རང་གཅུན་སློབ་གསོའི་འདུ་ཤེས་འཕེལ་རྒྱས་གཏོང་དགོས།
གཉིས་པ། བློ་སྒོ་འབྱེད་པའི་ཐབས་ལམ།
བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོ་ནི་གཙོ་བོ་དགེ་རྒན་གྱིས་སློབ་མར་སྣེ་འདོན་བྱེད་པ་དེ་ཡིན། དེ་ཡང་དགེ་རྒན་གྱིས་སློབ་མས་སློབ་སྦྱོང་བྱེད་འདོད་ཡོད་པའི་རྨང་གཞིའི་ཐོག་སློབ་མ་རང་ཉིད་ཀྱིས་བསམ་བློ་གཏོང་བ་དང་། གོ་བ་ལོན་ཐུབ་པ། ཤེས་སུ་འཇུག་པ་བཅས་བྱས་ནས“རང་སྟོབས་རང་འཕེལ་དང་རང་ཉིད་རང་མགོན”དུ་གྲུབ་པའི་དམིགས་ཡུལ་ལ་བསྙེགས་ཅི་ཐུབ་བྱེད་ཅིག་ཡིན་ལ། བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཤེས་བྱ་བརྒྱུད་སྤྲོད་དང་རིག་སྟོབས་འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་གཅིག་ཏུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་གལ་ཆེར་འཛིན་དགོས་པ་དང་། སློབ་མས་སྦྱང་བྱའི་བསླབ་ཚན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་ཆབས་ཅིག་དགེ་རྒན་གྱིས་སློབ་མར་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་གཏོད་པ་མ་ཟད། ཐབས་ལམ་དེས་སློབ་སྦྱོང་གི་བརྒྱུད་རིམ་གཙིགས་སུ་བཟུང་ནས་སློབ་མ་ཚོ་བརྒྱུད་རིམ་དེའི་སྲོག་ཤིང་དུ་བརྩིས་ཏེ་སློབ་མ་རང་ཉིད་ཀྱིས་འཚོལ་ཞིབ་དང་དཔྱད་པ། གསར་གཏོད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་ཡོང་བ་བྱས་ནས་རིམ་གྱིས་སློབ་མའི་རང་སྟོབས་ཀྱི་ཤེས་པ་དང་རང་གཅུན་སློབ་གསོའི་འདུ་ཤེས་འཕེལ་རྒྱས་གཏོང་དགོས།
གཅིག བློ་སྒོ་འབྱེད་ཐབས་ཀྱི་སློབ་ཁྲིད་ལྟ་བས་སློབ་སྦྱོང་གི་བརྒྱུད་རིམ་ནང་དགེ་རྒན་གྱིས་སྣེ་འདོན་དང་སློབ་མ་གཙོར་བཟུང་ཐོག སློབ་པ་དང་སྦྱོང་བ་ཕྱོགས་གཉིས་དབར་ཕན་ཚུན་སྐུལ་འདེད་གཏོང་བའི་སློབ་ཁྲིད་དང་འཕེལ་རྒྱས་ཟུང་དུ་སྦྲེལ་བའི་སློབ་ཁྲིད་ཀྱི་རྩ་བའི་རྣམ་པ་ཞིག་མཚོན་ཡོད།
གཉིས། བློ་སྒོ་འབྱེད་ཐབས་ཀྱི་སློབ་གསོ་ནི་སློབ་ཁྲིད་ཀྱི་རྩ་བའི་མཛུབ་སྟོན་ལྟ་བ་ཞིག་ཡིན། སློབ་ཁྲིད་བྱེད་སྐབས་ཐབས་ཤེས་འདྲ་མིན་ཅི་ཞིག་བཀོལ་ནའང་ངེས་པར་དུ་བློ་སྒོ་འབྱེད་ཐབས་ཀྱི་རྩ་བའི་སློབ་ཁྲིད་མཛུབ་སྟོན་ལྟ་བ་དང་མཐུན་གང་ཐུབ་བྱེད་དགོས། སློབ་ཁྲིད་ཀྱི་ཐབས་ཤེས་ནི་སློབ་ཁྲིད་ཀྱི་འགན་འཁྲི་ལེགས་གྲུབ་ཡོང་ཆེད་ཡིན་ཞིང་། སློབ་ཁྲིད་ཀྱི་འགན་འཁྲི་ལེགས་གྲུབ་ཡོང་བ་དེའང་སློབ་མའི་བསམ་བློ་དང་རིག་གནས། ཀུན་སྤྱོད་སོགས་ལེགས་ལམ་དུ་ཁ་ཕྱོགས་ནས་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོར་འདེགས་བྱ་རྒྱུ་འབའ་ཞིག་ཡིན། གལ་ཏེ་སློབ་མར་རང་སྟོབས་ཀྱི་ནུས་པ་ཅི་ཡང་མི་ལྡན་ན་སློབ་ཁྲིད་ཀྱི་ལས་འགན་ལེགས་གྲུབ་ཡོང་ཐབས་བྲལ། དེར་བརྟེན་བློ་སྒོ་འབྱེད་ཐབས་ཀྱི་བླང་བྱ་ལྟར་ན། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སློབ་མ་སྲོག་ཤིང་དུ་བཟུང་ནས་ཐབས་རྩལ་སྣ་ཚོགས་སྤྱད་དེ་སློབ་མའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྔོག་འདོན་བྱེད་དགོས་པས། བློ་སྒོ་འབྱེད་ཐབས་ནི་སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་སྐབས་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།
གསུམ། བློ་སྒོ་འབྱེད་ཐབས་ནི་སློབ་ཁྲིད་བརྒྱུད་རིམ་ཁྲོད་སྤྱོད་གོ་ཆེ་བའི་ཐབས་ཤེས་ཤིག་ཡིན། དང་ཐོག་བློ་སྒོ་འབྱེད་ཐབས་དེ་རིག་ཚན་ཀུན་གྱི་སློབ་ཁྲིད་ལ་སྤྱོད་ཆོག་ཅིང་དེ་ནི་སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་དུ་གནས་པའི་སྟངས་འཛིན་གྱི་བྱ་ཐབས་བཟང་པོ་ཞིག་ཀྱང་ཡིན་ཏེ། སློབ་ཁྲིད་ཁྲོད་དགེ་རྒན་གྱིས་བསླབས་པའི་ཤེས་བྱ་དང་ནུས་པ། ཐབས་རྩལ་སོགས་སློབ་མས་སྐབས་ཐོག་ཏུ་ཇི་མ་ཇི་བཞིན་ཁོང་དུ་ཆུད་དཀའ་བས། སློབ་མ་རང་ཉིད་ཀྱིས་རང་འགུལ་ངང་རྟོགས་དཔྱོད་དང་བསམ་གཞིགས། མྱོང་གོམས། སྦྱོང་བརྡར་སོགས་ཡང་ནས་ཡང་དུ་བྱེད་པ་ནི་ཤིན་ཏུ་གལ་འགངས་ཆེ། དེས་ན། སློབ་མས་སློབ་སྦྱོང་གི་བརྒྱུད་རིམ་ནང་རང་ཉིད་ཀྱི་ཧུར་བརྩོན་དང་རང་འགུལ་ཇི་ལྟ་བུ་ཞིག་བྱས་ཡོད་མེད་ཀྱི་ཐོག་ནས་སློབ་མ་སོ་སོའི་སྦྱངས་འབྲས་ལེགས་ཉེས་དང་ལུས་སེམས་གཉིས་ཀའི་འཕེལ་རྒྱས་ཀྱི་མཆོག་དམན་ལ་ཐད་ཀའི་ཐག་གཅོད་ཀྱི་ནུས་པ་ཐོན་སྲིད་པ་གླེང་མེད་ཡིན། དེར་དམིགས་ནས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་འགག་གནད་དང་འཕེལ་རིམ་ཚང་མར་སློབ་མའི་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས་སློབ་ཁྲིད་འགོ་བརྩམས་པ་ནས་མཇུག་མ་སྒྲིལ་བར་སློབ་མའི་སློབ་སྦྱོང་གི་དང་བ་དང་ཤེས་བྱར་རེ་འདོད་བྱེད་པའི་བསམ་བློ་སྔོག་འདོན་གྱིས་རང་འགུལ་གྱིས་བསམ་བློ་བཏང་སྟེ་ཞིབ་ནན་གྱིས་དངོས་དོན་ཅི་རིགས་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་དགོས། དེ་ལྟར་བྱུང་ཚེ། ད་གཟོད་སློབ་ཁྲིད་ཀྱི་དམིགས་འདུན་མངོན་དུ་འགྱུར་ནས་སློབ་ཁྲིད་ཀྱི་འགན་འཁྲི་ལེགས་གྲུབ་་བྱེད་ཐུབ། དེར་བརྟེན། བློ་སྒོ་འབྱེད་ཐབས་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཀུན་ལ་མེད་ཐབས་མེད་པའི་སློབ་ཁྲིད་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན་པ་བསྙོན་དུ་མེད།
གསུམ་པ། བློ་སྒོ་འབྱེད་ཐབས་ཐད་ཀྱི་བསམ་གཞིགས་ཕྲན་བུ།
གཅིག དགེ་རྒན་དང་། སྤྱི་ཚོགས། ཁྱིམ་བདག་བཅས་ཀྱིས་སློབ་ཕྲུག་ལ་འཛིན་པའི་མཁྲེགས་འཛིན་གྱི་ལྟ་བར་འགྱུར་ལྡོག་བཏང་ནས། སློབ་ཁྲིད་སྐབས་སློབ་མ་གཙོར་བཟུང་ཐོག རྒྱུ་མ་ཕུ་འདེད་ཀྱི་སློབ་ཐབས་སྤྱད་ན། ད་གཟོད་སློབ་མའི་ཁུར་པོ་ཇེ་ཡང་དུ་སོང་ནས་རང་འགུལ་ངང་སློབ་སྦྱོང་བྱེད་འདོད་པ་དང་། བསམ་བློ་གཏོང་རྒྱུར་དགའ་ཞིང་བྱང་ཚད་ལེགས་པའི་སློབ་མ་གང་མང་ཐོན་སྲིད།
གཉིས། བློ་སྒོ་འབྱེད་པའི་སློབ་ཐབས་དེ་ཕྱིའི་རྣམ་པ་ཙམ་དང་ཕྱོགས་ལྷུང་ཙམ་དུ་འགྲོ་བར་ངེས་པར་དུ་གཟབ་དགོས། དགེ་རྒན་གྱིས་སྣེ་འདོན་དང་སློབ་མ་གཙོར་བཟུང་གི་རྩ་བའི་སློབ་ཁྲིད་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱས་ནས་དགེ་རྒན་གྱིས་ཟུར་ཁྲིད་གང་ལེགས་བྱས་ཐོག སློབ་མའི་ཧུར་བརྩོན་རང་བཞིན་སྔོག་འདོན་གང་ལེགས་ཀྱིས་སློབ་མའི་རང་འགུལ་འདུ་ཤེས་དང་། གནད་དོན་དབྱེ་ཞིབ། དེ་བཞིན་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་སྐྱེད་སྲིང་གང་ལེགས་བྱེད་དགོས་པ་དང་། འཚོ་བ་དངོས་དང་མཐུན་ཞིང་བློ་སྒོ་འབྱེད་ཐུབ་པའི་དྲི་བ་སྣ་མང་འཚོལ་ཞིབ་བྱེད་རྒྱུར་འབད་དགོས།
(བོད་ལྗོངས་ནང་བསྟན་སློབ་གྲྭའི་དགེ་མིང་པ་བཅོ་ལྔ་ལྷ་མོ)