དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ང་རང་ཆེས་དགའ་བའི་ནམ་དུས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན་ཆོས་སྒྲོན།   |     སྤེལ་དུས།  2024-07-28

    ཨེ་མ། རང་བྱུང་ཁམས་ཀྱི་དུས་ཀྱི་འཁོར་ལོའི་གོམ་འགྲོས་ནི་ཅི་འདྲའི་མགྱོགས་པ་ལ་ཨང་། འཁྱུག་ཙམ་ཞིག་ལ་དགུན་ཁ་ཤར་སོང་། རང་བྱུང་ཁམས་ཀྱི་སྲོག་ཆགས་མང་དག་ཅིག་དགུན་ཉལ་རྒྱག་པ་དང་འགའ་རེ་ལྷོ་ཕྱོགས་སུ་དགུན་སྒྲོལ་དུ་འགྲོ་བཞིན་འདུག

    ཞོགས་པ་ང་རང་གཉིད་ལས་སད་རྗེས་ཉལ་ཁང་གི་སྒོ་ཕྱིར་དོན་པ་ན། མིག་མདུན་གྱི་བྱ་དངོས་ཡོད་ཚད་ཁ་བས་སྐྱ་ཐིང་ངེར་བཏང་བ་མ་ཟད། གྲང་རླུང་གིས་ངའི་ངོ་གདོང་འཁྱུག་ཙམ་ཞིག་ལ་གྲང་ཅང་ཅང་དུ་བཏང་། ཁ་བ་བབས་པའི་རྐྱེན་གྱིས་སློབ་ཁང་དུ་འགྲོ་བའི་ལམ་བར་དུ་ང་ཚོས་ཁ་བའི་འདབ་མ་རྡོག་པས་བརྫིས་ཏེ་སོང་། སློབ་ཁང་དུ་བསླེབས་པ་ན། ངས་སྒེའུ་ཁུང་ནས་མར་ལྟ་དུས་སློབ་གྲྭའི་ཁོ་ར་ཁོར་ཡུག་ཚང་མ་དངུལ་དཀར་གྱི་མེ་ལོང་ཆེན་པོ་ཞིག་དང་མཚུངས་ཤིང་། སློབ་གྲྭའི་ནང་སློབ་མ་ཚོའི་དཔེ་དེབ་ཀློག་པའི་སྒྲ་མ་གཏོགས་གཞན་ཅི་ཡང་ཐོས་རྒྱུ་མི་འདུག སློབ་ཚན་གཉིས་པ་གྲོལ་རྗེས། སློབ་མ་ཚང་མ་གཅིག་ལ་གཅིག་འགྲན་གྱིས་ལུས་རྩལ་ཐང་དུ་བརྒྱུགས་ཏེ་ལ་ལས་གངས་མི་བཟོ་བ་དང་ལ་ལས་གངས་རྩེད་རྩེ་བཞིན་ཡོད་པ། ཡང་ལ་ལས་གངས་སྟེང་དུ་རི་མོ་འབྲི་བ་སོགས་རོལ་རྩེད་སྣ་ཚོགས་ལ་རོལ་བཞིན་མཆིས། ང་རང་སློབ་གྲོགས་དང་མཉམ་དུ་གངས་རྩེད་རྩེ་བཞིན་ཡོད་དུས་རྒན་ལགས་ཀྱང་ལུས་རྩལ་ཐང་དུ་ཕེབས་པས། ང་ཚོ་མཉམ་དུ་གངས་རྩེད་ལ་རོལ་བ་ཡིན། ཡུད་ཙམ་སོང་རྗེས་སློབ་ཚན་ཚུགས་པའི་དྲིལ་བརྡ་གྲགས་སྟབས་ང་ཚོས་རྩེད་མཚམས་བཞག་ནས་སློབ་ཁང་དུ་ཕྱིན་པ་ཡིན། ངའི་ངོས་ནས་བརྗོད་ན། ཁ་བ་འབབ་པའི་དུས་ནི་ཅི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་དང་། ང་ཚོ་རྩེད་འཇོར་རོལ་བའི་ནམ་དུས་ཡག་ཤོས་ཤིག་ཡིན་སྣང་འཆར།

    དགུན་ཁ་ནི་ང་རང་ཆེས་དགའ་བའི་ནམ་དུས་ཡིན། གང་ཡིན་ཟེར་ན། ནམ་དུས་དེར་དཔྱིད་ཀ་ཇི་བཞིན་ས་བོན་ལ་མྱུ་གུ་འབུས་པ་དང་དབྱར་ཁ་ཇི་བཞིན་ས་གཞི་ཚང་མ་སྔོ་ལྗང་ཅན་དུ་གྱུར་བ། སྟོན་ཁ་ཇི་བཞིན་ལོ་ཏོག་ལ་འབྲས་བུ་སྨིན་པ་སོགས་ཀྱི་མཛེས་སྡུག་ཡེ་ནས་མེད་པར། ཐམས་ཅད་སྐྱ་ཐེར་ཐེར་དང་གྲང་ཅང་ཅང་ཡིན་ཡང་། ཁ་བ་འབབ་ཐེངས་རེར། ནམ་དུས་འདིས་མི་རྣམས་ལ་མཛེས་སྡུག་གི་ཡུལ་ལྗོངས་གཞན་ཞིག་སྦྱིན་པ་ཡིན།

    ད་ཐེངས་ཀྱི་ཁ་བ་བབས་པའི་ཞོགས་པ་འདི་ནི་ངའི་ངོས་ནས་བརྗོད་ན་ཆེས་བརྗེད་པར་དཀའ་བའི་དུས་ཚོད་ཅིག་ཡིན་ཏེ། ཞོགས་པ་དེར་ང་ལ་ད་གཟོད་དགེ་སློབ་ཚོ་དང་ལྷན་དུ་གངས་ཁྲོད་དུ་རྩེད་འཇོར་རོལ་སྐལ་བྱུང་བས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།