འཕྲུལ་གྱི་སྦས་ཡུལ་གཡུ་ལུང་།
གངས་རི་སྲིད་པའི་གངས་རྒན། །
གངས་དཀར་རྨོག་ཞྭ་མཛེས་པ། །
གནམ་སའི་བར་དུ་ཆགས་པའི། །
གཡུ་ལུང་གངས་ཀྱིས་བརྒྱན་ཡོད། །
བཻཌཱུར་ཞུན་མའི་རང་མདངས། །
རབ་དཀར་དངུལ་གྱི་མེ་ལོང་། །
ཟེགས་མའི་རྦ་རླབས་མཛེས་པ། །
གཡུ་མཚོ་གའུ་ཁ་སྦྱར། །
གཡུ་ལུང་སྤང་གི་ར་བར། །
སྦྲ་གུར་དཔུང་གདང་གཤིབ་གཤིབ། །
རྟ་ནོར་ལུག་གསུམ་འཁོར་ས། །
འཕྲུལ་གྱི་སྦས་ཡུལ་གཡུ་ལུང་། །
གཡུ་ལུང་གཡུ་ཡི་ཁོག་པར། །
རི་ལ་སྤང་རི་ནགས་རི། །
བྱ་གླག་གཤོག་རྩལ་ངོམ་ཡུལ། །
འཕྲུལ་གྱི་སྦས་ཡུལ་གཡུ་ལུང་། །
གཡུ་ལུང་སྐྱ་ནམ་རྒྱས་པ། །
གཡུ་ལུང་ལོངས་སྤྱོད་འཛོམས་པ། །
གཡུ་ལུང་ལུང་པ་སྐྱིད་པོ། །
བུ་ངའི་ཕ་ཡུལ་ཡིན་སོང་། །