དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཛའ་བརྩེའི་རླུང་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁམས་པ་རབ་དབྱངས།   |     སྤེལ་དུས།  2024-07-28

    སེམས་ཀྱི་ན་བུན་ཚལ་དུ། །

    ཁྱོད་རང་མགྲོན་དུ་ཕེབས་བྱུང་། །

    སྙན་ངག་སྐྱེམས་ཆང་བདུད་རྩི། །

    མཉམ་དུ་འཐུང་དགོས་བྱུང་སོང་། །

    བརྩེ་འདང་ལས་ཀྱི་མེ་ཏོག །

    འདབ་མ་འཐོར་བ་མ་གནང་། །

    ཉི་མ་ནུབ་ཏུ་བཞུད་ན། །

    སེམས་ཀྱི་དྲོད་ཁོལ་ཡལ་འགྲོ། །

    དགོང་གི་ཉི་མའི་གོམ་སྟབས། །

    ཁྱོད་རང་ཕྱོགས་སུ་བསྒྱུར་སོང་། །

    སྲོད་ཀྱི་བྱ་ཁྱུ་དག་ལ། །

    འཕྲིན་པ་ལན་གཅིག་བསྐུར་ཡོད། །

    གཙང་ཆུའི་རབ་ཁ་བརྒལ་ནས། །

    ཁྱོད་རང་ཕྱོགས་ལ་བཅར་ཡོད། །

    ལན་གཅིག་འཆར་བའི་བསྡུས་གཟུགས། །

    ཡིད་ནས་བོར་རྒྱུ་མི་འདུག །

    བརྩེ་བའི་མིག་ཟུང་གཏད་ས། །

    ཁྱོད་རང་གཅིག་པུ་ཡིན་སོང་། །

    བརྩེ་འདང་ལས་ཀྱི་མེ་ཏོག །

    ང་ལ་ཕྱོགས་ནས་བཞད་བྱུང་། །

    མིག་ཟུང་འཁོར་སྟངས་ཤིག་གིས། །

    ཁྱོད་རང་ཡིད་ལ་འཁོར་སོང་། །

    རྒྱབ་གཟུགས་འཁོར་སྟངས་ཤིག་གིས། །

    ཕྱིར་དྲན་གྲངས་མེད་བཞག་སོང་། །

    ཡིད་འདྲིས་ན་ཆུང་ཁྱོད་ལ། །

    སེམས་ཀྱི་ཕྱི་ནང་བསྟན་ཡོད། །

    མཛའ་བརྩེའི་རླུང་བུ་དྲོན་མོ། །

    ང་ཡི་ཕྱོགས་སུ་ལྡང་རོགས། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།