དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ལྷ་མོ་གསར་པ《ཁ་བཏགས་ལྗང་གུ》འཁྲབ་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-27

    ཟླ་7ཚེས་12ཉིན་གྱི་དགོང་མོར། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་དངོས་སུ་འགོ་ཚུགས་ཤིང་། ཟླ་7ཚེས་13ཉིན། ལྷ་མོ་གསར་པ《ཁ་བཏགས་ལྗང་གུ》འཁྲབ་སྟོན་བྱས་པ་དང་བསྟུན་ནས་ཕུལ་བྱུང་ཟློས་གར་འགྲེམས་འཁྲབ་དངོས་སུ་འགོ་ཚུགས་ཡོད། དེ་རྗེས་ཀྱི་ཟླ་བ་གཅིག་ནང་ལྟ་འདོད་ལ་ཉན་སྤྲོ་བའི་སྟོན་མོ་གཟབ་རྒྱས་རེ་རེ་བཞིན་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། གནའ་ཉམས་ཀྱིས་ཕྱུག་པའི་ཟློས་གར་གྱི་གཞས་གདངས་ནས་དེང་རབས་གཏམ་བརྗོད་ཟློས་གར་གྱི་མི་སྣའི་གཏམ་གླེང་བར་གྱི་བརྩམས་ཆོས་དེ་དག་ཚང་མ་ནི་དུས་རབས་ཀྱི་སྙིང་སྟོབས་ཀྱི་བསྡུས་རིས་ཤ་སྟག་རེད།

    ལྗང་མདོག་སྲུང་མཁན་གྱི་གཏམ་རྒྱུད་བརྗོད་པ།

    《ཁ་བཏགས་ལྗང་གུ》ཞེས་པ་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་ཇུས་འགོད་ཞིབ་ཚགས་ཀྱིས་གསར་རྩོམ་བྱས་པའི་གཙོ་གནད་ཟློས་གར་ཞིག་ཡིན་ཞིང་། ཟློས་གར་དེས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དོན་ལ་བབ་སར་བྱས་ཏེ“ལྗང་མདོག་སྲུང་མཁན”ཚོའི་གཏམ་རྒྱུད་བརྗོད་ཡོད།

    《ཁ་བཏགས་ལྗང་གུ》ཞེས་པའི་ནང་ཚེ་རྡོ་རྗེ་འབོད་པའི་འཁྲབ་བྱའི་མི་སྣ་གང་དེའི་མཐོང་སྣེ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་འདུན་པ་གསོན་ཉམས་དོད་པོས་མཚོན་ཡོད། ཚེ་རྡོ་རྗེ་ནི་ཟློས་གར་འདིའི་མི་སྣ་གཙོ་བོ་ཡིན་ཞིང་། ལོ་ཟླའི་བཞུར་རྒྱུན་ཁྲོད་ཚེ་རྡོ་རྗེས་ཐང་རྒོད་དུ་ལྗོན་ཤིང་མང་པོ་བཙུགས་ནས་བྱེ་ཐང་དུ་གནས་པའི་གྲོང་ཚོར་སྔོ་ལྗང་གི་གོས་རྒྱན་བསྒྲོན་ཏེ་ཚེ་སྲོག་གི་ངོ་མཚར་གསར་པ་བཏོད་ཡོད། ཁོང་ཚོས་བཏབ་པའི་ལྗོན་ཤིང་གི་སྡོང་པོ་རེ་རེ་ནི་ས་གཞི་ཆེན་པོར་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པ་ཞིག་ཡིན་པ་དང་། ཡར་ཀླུང་གཙང་པོའི་ངོགས་སུ་རེ་བའི་ས་བོན་གྱི་རྩ་བ་ཚུགས་ནས་མྱུ་གུ་འབུས་པར་བྱས་ཡོད།

    《ཁ་བཏགས་ལྗང་གུ》ཞེས་པའི་གར་སྟེགས་དེའི་ཐོག་ཚེ་རྡོ་རྗེ་ནི་འགོ་ཁྲིད་མཁན་ཞིག་ཡིན་པ་མ་ཟད། ལག་ལེན་བསྟར་མཁན་ཞིག་དེ་བས་ཀྱང་རེད། ཁོང་གིས་གྲོང་མི་ཚོའི་སྣེ་ཁྲིད་དེ་ལག་ཏུ་ལྕགས་ཁྱེམ་བཟུང་བ་དང་ཕྲག་པར་སྡོང་ཕྲུག་འཁུར་ནས་ཤིང་འཛུགས་ནགས་བཟོའི་ལམ་བུར་སྐྱོད། ཞོགས་པའི་སྐྱ་མདའ་མ་བཏང་གོང་ནས་ཉི་མ་ལ་ཁར་མ་ནུབ་བར་ལས་ལ་གཞོལ་བཞིན་པའི་ཁོང་ས་གཞི་དེའི་ཐོག་གི་ཆེས་མཛེས་ཤོས་ཀྱི་ཡུལ་ལྗོངས་ཤིག་ཏུ་གྱུར། ཁོང་གི་བློ་གྲོས་དང་བློ་སྟོབས་ལས་མི་ཚང་མར་སྐུལ་ལྕག་ཐེབས་པ་དང་ཁོང་གི་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་སེམས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ལས་ལྟད་མོ་བ་མང་པོར་སེམས་འགུལ་ཚད་མེད་ཐེབས་ཡོད།

    “《ཁ་བཏགས་ལྗང་གུ》ཞེས་པའི་ནང་ལྗང་མདོག་སྐྱེ་ཁམས་སྐོར་གྱི་ངོ་མཚར་གཏམ་རྒྱུད་བརྗོད་ཡོད་ལ། ཧུར་བརྩོན་ཡར་ཐོན་དང་ཕུགས་འདུན་དོན་གཉེར་གྱི་འཚོ་བའི་ཉམས་འགྱུར་ཡང་བརྒྱུད་སྤྲོད་བྱས་ཡོད། དེ་ལས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་ཐུབ”ཅེས་ལྟད་མོ་བ་བདེ་སྐྱིད་ཆོས་སྒྲོན་གྱིས་བཤད།

    ཕུལ་བྱུང་ཟློས་གར་མང་པོ་འཁྲབ་སྟོན་བྱས་ནས་སྒྱུ་རྩལ་གྱི་སྟོན་མོ་ཕུན་སུམ་ཚོགས་པོ་བཤམས་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་7ཚེས་12ཉིན་ནས་ཟླ་8ཚེས་12ཉིན་བར་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རིང་ཟློས་གར་ཁང་གཙོ་བོ་གསུམ་སྟེ། བོད་ལྗོངས་ཟློས་གར་ཁང་ཆེན་དང་། བོད་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་ཆེན། རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཟློས་གར་ཁང་བཅས་སུ་ངོ་མཚར་ཆེ་བའི་གླུ་བྲོའི་ཟློས་གར་དང་ལྗོངས་རྣམ་གླུ་གར་རེས་མོས་འཁྲབ་སྟོན་བྱས་ནས་དབྱར་དུས་འདིར་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་གཤོམ་རྒྱུ་ཡིན་པ་རེད།

    ཟླ་7ཚེས་15དང་16ཉིན་གྱི་དགོང་མོའི་ཆུ་ཚོད་8པར་བོད་ལྗོངས་ཟློས་གར་ཁང་ཆེན་དུ《ཡིད་འོང་ཉིང་ཁྲི》ཞེས་པ་འཁྲབ་སྟོན་བྱས་ནས་ལྟད་མོ་བ་རྣམས་ཉིང་ཁྲིའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་པའི་ཡིད་དབང་བཀུག་ཡོད། དེ་རྗེས་ཟླ་7ཚེས་17དང་18ཉིན་གྱི་དགོང་མོའི་ཆུ་ཚོད་8པར《མཉམ་དུ་འགྲོགས་པ》ཞེས་པ་བོད་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཤིང་། དེའི་ནང་ལྗོངས་རྒྱུའི་ལམ་གྱི་བརྩེ་སེམས་དང་མཉམ་འགྲོགས་གླེང་ཡོད། དེ་རྗེས་ཟླ་7ཚེས་19དང་20ཉིན་གྱི་དགོང་མོའི་ཆུ་ཚོད་8པར《ཞང་ཞུང་གི་དར་རྒུད། གུ་གེའི་ཤུལ་བཞག》ཅེས་པའི་ལྗོངས་རྣམ་གླུ་གར་སྙན་ངག་འཁྲབ་སྟོན་བྱས་ནས་ལྟད་མོ་བ་རྣམས་གནའ་བོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཁྲིད་དེ་ཞང་ཞུང་དང་གུ་གེའི་ཤེས་དཔལ་གྱི་བརྗིད་ཉམས་ཚོར་བ་བྱས་ཡོད།

    ཟླ་7ཚེས་27དང་28ཉིན་གྱི་དགོང་མོའི་ཆུ་ཚོད་8པར《མཁའ་ལམ་གཏོད་མཁན》ཞེས་པ་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཏེ་མི་སེམས་འགུལ་བའི་ས་མཐོའི་དཔའ་བོའི་གཏམ་རྒྱུད་གླེང་རྒྱུ་ཡིན་པ་དང་། ཟླ་7ཚེས་28དང་29ཉིན་གྱི་དགོང་མོའི་ཆུ་ཚོད་8པར《བོད་ཤར་རྒྱུད་བུ་ཕྲུག་གི་བརྩེ་བ》ཞེས་པའི་ལྗོངས་རྣམ་གླུ་གར་སྙན་ངག་བོད་ལྗོངས་གླུ་གར་ཚོགས་པའི་ཟློས་གར་ཁང་དུ་བརྩེ་དུང་ཟབ་མོས་འཁྲབ་སྟོན་བྱས་ནས་བོད་ཤར་རྒྱུད་བུ་ཕྲུག་གི་བརྩེ་བ་ཟབ་མོ་མཚོན་པར་བྱེད་རྒྱུ་དང་། དེ་རྗེས་ཟླ་7ཚེས་29དང་30ཉིན་གྱི་དགོང་མོའི་ཆུ་ཚོད་8པར་བོད་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་ཆེན་དུ《རི་བོ་འདི། ཆུ་མོ་འདི། གླུ་གཞས་འདི》གླུ་གར་གྱི་རྣམ་པའི་ཐོག་ནས་ནག་ཆུའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་རྣམ་པ་མཚོན་པར་བྱ་རྒྱུ་རེད།

    ཟླ་8ཚེས་2དང་3ཉིན་གྱི་དགོང་མོའི་ཆུ་ཚོད་8པར། 《གངས་རིའི་འཇའ་ཚོན》ཞེས་པའི་བྲོ་གར་ལྷ་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ཟློས་གར་ཁང་ཆེན་དུ་མུ་མཐུད་འཁྲབ་སྟོན་བྱས་ཏེ། བྲོ་གར་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རེ་བ་དང་ཕུགས་འདུན་བརྗོད་རྒྱུ་རེད། དེ་རྗེས་ཀྱི་ཟླ་8ཚེས་3དང་4ཉིན་གྱི་དགོང་མོའི་ཆུ་ཚོད་8པར《བདེ་སྐྱིད་ལྡན་པའི་བོད་རིགས་མི་དམངས》ཞེས་པའི་གླུ་བྲོའི་ཟློས་གར་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ཏེ་བོད་རིགས་ཁྱིམ་ཚང་གི་བདེ་སྐྱིད་དང་འཆམ་མཐུན་མངོན་རྒྱུ་རེད། མཇུག་ཏུ་ཟླ་8ཚེས་4དང་5ཉིན་གྱི་དགོང་མོའི་ཆུ་ཚོད་8པར《བོད་སྐྱོད་པ་རྒན་གྲས》ཞེས་པའི་གཏམ་བརྗོད་ཟློས་གར་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཏེ་གཏམ་བརྗོད་ཟློས་གར་གྱི་རྣམ་པའི་ཐོག་ནས་བོད་ལྗོངས་འཛུགས་སྐྲུན་ཆེད་ལང་ཚོ་དང་ཁྲག་དྲོན་སྐྱེས་སུ་འབུལ་མཁན་འཛུགས་སྐྲུན་པ་རྒན་རབས་ཚོར་གུས་འདུད་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།