དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • ལོ་ཙཱ་བར་འཛོམ་དགོས་པའི་ཆ་རྐྱེན་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-24

    གླེང་གཞི། ཡིག་སྒྱུར་བྱ་གཞག་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར། འཛམ་གླིང་རྒྱལ་ཁབ་ཁག་དང་མི་རིགས་ཁག་གིས་ཡིག་སྒྱུར་བྱ་གཞག་ལ་སྔར་ན་མེད་པའི་མཐོང་ཆེན་བྱས་དང་བྱེད་མུས་རེད། མིའི་རིགས་ཁྱིམ་ཚང་ཆེན་པོ་གཅིག་ཏུ་གྲུབ་པའི་དུས་རབས་ཉེར་གཅིག་པར་ཚན་རིག་ལག་རྩལ་ལ་སྔར་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་ནས། ཆ་འཕྲིན་ལག་རྩལ་དང་གློག་ཀླད་སོགས་སྟབས་བདེ་ལ་སྤྱོད་གོ་ཆེ་བའི་དེང་རབས་ཀྱི་ཡོ་བྱད་མང་དག་ཅིག་ཐོན་ཡོད་ཅིང་། དེས་མི་དང་མིའི་དབར་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཇེ་མང་ཇེ་ཟབ་དང་། ཆབ་སྲིད་དང་དམག་དོན། དཔལ་འབྱོར། རིག་གནས། སྐྱེ་ཁམས་སོགས་གཙོ་བོར་བྱས་པའི་རིག་གནས་སྤྱི་བྱེ་བྲག་ཁག་དབར་སྤེལ་རེས་ཧ་ཅང་མང་ལ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་ཀྱི་དོ་ར་ཇེ་ཡངས་སུ་འགྲོ་བཞིན་ཡོད། རྒྱ་བོད་ཡིག་སྒྱུར་ཐད་ནས་བརྗོད་ནའང་སྔོན་ཆད་ནང་ཆོས་ཡིག་སྒྱུར་གཙོ་བོ་བྱས་པ་ཕུད། རིག་ཚན་གཞན་དག་གི་ཡིག་སྒྱུར་བྱ་བ་ཧ་ཅང་ཉུང་ཉུང་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། ཆབ་སྲིད། དཔལ་འབྱོར། རྩོམ་རིག་ལ་སོགས་ཀྱི་ཡིག་ཆ་འབོར་ཆེན་སྒྱུར་འགོ་ཚུགས་ཡོད། འོན་ཏེ་ཉེ་བའི་ཆར་ཐ་སྙད་གཅིག་འགྱུར་མ་བྱུང་བ་དང་ལོ་ཙཱ་བའི་ཤེས་ཡོན་གྱི་བྱང་ཚད་ཆ་མི་སྙོམས་པ་སོགས་ལས་འགྱུར་མ་མང་དག་ཐོན་ཡང་སྤུས་ལེགས་ཉེས་གང་ཡང་བྱུང་བ་གང་ཞིག་འགའ་རེའི་འགྱུར་གྱི་སྤུས་ཚད་ལ་གདེང་འཇོག་དཀའ་བར་སྣང་། དེ་ནི་རྒྱ་བོད་སྐད་ཡིག་གཉིས་ཤེས་པ་ཙམ་གྱིས་ཡིག་སྒྱུར་གྱི་བྱ་བ་ནི་ལས་སླ་པོ་ཞིག་ཏུ་བརློམས་ནས་མི་འཇོན་འཇོན་མདོག་གིས་བསྒྱུར་བས་ཡིན་ཤས་ཆེ། དེས་ན་ད་རེས་ཁོ་བོས་དཔྱད་རྩོམ་འདིའི་ནང་ལོ་ཙཱ་བ་ཞིག་ཡིན་ན་གོམས་གཤིས་དང་ཐབས་རྩལ་སྣ་ཚོགས་འཛོམ་དགོས་པའི་སྐོར་ཅུང་ཟད་གླེང་བར་བྱའོ།

    དང་པོ། བཙལ་འདྲི་བཀོད་གསུམ་གྱི་གོམས་གཤིས་བཟང་པོ་འཇགས་དགོས་པ།

    བཙལ་འདྲི་བཀོད་གསུམ་གང་ལ་ཟེར་རམ་ཟེར་ན་དེ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུང་པ་བཞིན“རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་གཅོད་དགོས་པ”ལྟར། ལོ་ཙཱ་བྱེད་སྐབས་ཐེ་ཚོམ་དང་འོབས་ཚོད་ཀྱིས་མི་སྒྱུར་བར་ངེས་པར་དུ་ཚིག་མཛོད་དང་ཡིག་རྙིང་སོགས་ནས་འཚོལ་དགོས་པ་དང་གཅིག མཁས་པ་ཆེན་པོའམ་རང་གི་ལས་རོགས་ལ་སྐད་ཆ་འདྲི་བ་དང་གཉིས། ནམ་ཞག་རྒྱུན་དུ་ནས་གལ་ཆེ་བའམ་ཡང་ན་རང་ཉིད་ཀྱིས་བརྗེད་ངས་སུ་འགྲོ་སླ་བའི་ཚིག་གསར་རྣམས་ཟིན་བྲིས་སུ་འགོད་པའི་གོམས་གཤིས་བཟང་པོ་ཆགས་དགོས་པ་དང་གསུམ་བཅས་ཡིན།

    གལ་སྲིད་ཁྱེད་རང་ལོ་ཙཱ་བྱེད་རིང་གོང་གསལ་གྱི་ཐབས་ཤེས་གསུམ་དང་ལྡན་ན་ཁྱེད་ཀྱིས་བསྒྱུར་བའི་འགྱུར་མའི་སྤུས་ཚད་ཀྱང་ཡག་པོ་ཞིག་ཡོང་ངེས་ལགས། དེའང་ང་ཚོས་ལོ་ཙཱའི་ལས་ལ་འཇུག་སྐབས་ཐོག་མར་སྔ་ས་ནས་ས་ཁྱབ་རྡོ་ཁྱབ་ཟིན་པའི་བརྡ་ཆད་རྣམས་བཙལ་ནས་སྤྱོད་གལ་ཆེ་བར་སེམས། དཔེར་ན། 高楼大厦ཞེས་པར་ཆ་བཞག་ན། དེང་གི་ཆར་འགྱུར་མ་མང་ཆེ་བའི་ནང“ཐོགས་བརྩེགས་ཁང་ཆེན”ཞེས་ཡིག་རྫོབ་ཆེ་བའི་མིང་ཚིག་འདི་ཁོ་ན་སྒྱུར་གྱི་ཡོད། དོན་དམ་དུ་ང་ཚོས《བོད་རྒྱ་ཚིག་མཛོད་ཆེན་མོར》འཁོད་པའི“བ་གམ”ཞེས་པའི་མིང་ཚིག་དེ་སྤྱད་ན་འགྲིག ཚིག་མཛོད་ནང་བ་གམ་གྱི་འགྲེལ་པར་ཁང་ཆེན་བརྗིད་ཉམས་ཅན་དང་། ཁང་པ་ཐོག་བརྩེགས་ཅན་ཞེས་འཁོད་ཡོད་པས། གོང་གསལ་གྱི་མིང་ཚིག་དང་འཚམ་པས་སོ། དེ་བཞིན་监视器ཞེས་པ“ལྡིར་སོ་སྤྲོས་ཆས”ཞེས་སུ་བསྒྱུར་གྱི་ཡོད། དོན་དམ་དུ་ང་ཚོས་མང་ཚོགས་ཀྱི་སྐད་ཆའི་འགྲོས་དང་བསྟུན་ནས་དེར“གློག་མིག”ཅེས་སུ་བསྒྱུར་ན་མི་འོས་པ་གཏན་ནས་མེད། དེ་བཞིན་ཞིང་ལས་དང་འབྲོག་ལས་སོགས་ཀྱི་ལག་ཆ་དང་སྣོད་ཆས་སོགས་ལ་ཞིང་ཁུལ་ལམ་འབྲོག་ཁུལ་དུ་རྒྱུན་སྤྱོད་ཀྱི་གཏན་འཇགས་བརྡ་ཆད་རེ་ཡོད།

    དཔེར་ན། བོད་ཀྱི་ས་མིང་རྒྱ་ཡིག་ཏུ་ཕབ་སྐབས་མ་དག་རྒྱུན་འབྱམས་སོང་བ་དཔེར་ན། 八一镇 བོད་ཡིག་ས་མིང་དུ་ཐོག་མར་བྲག་ཡིབ་ཅེས་འབོད་ཀྱང་རྗེས་སུ་ཡུལ་ལུང་སོ་སོའི་སྐད་ཀྱི་འགྲོས་དང་བརྗོད་བདེའི་དབང་གིས་ར་རྟགས་དབྱུགས་ནས“བག་ཡིབ”ཅེས་འབོད་སྲོལ་ཡོད། དེས་ན་དེ་རང་མ་དག་རྒྱུན་འབྱམས་སུ་སོང་ནས་ཕྱིས་སུ་རྒྱ་ཡིག་ནང་མིང་དེ་བཟོ་སྐབས་ཐོག་མའི་སྒྲར་གཞི་མི་བཟུང་བར“བག་ཡིབ”ཞེས་པར་གཞིགས་པས། ད་ལྟ་八一ཞེས་རྒྱུན་དུ་སྤྱོད་བཞིན་ཡོད། དེ་ལས་ཁྱད་མཚར་བ་ཞིག་ལ་བོད་ཡིག་གི་འགྱུར་མ་འགའ་ཤས་ནང་དུ་八一ཞེས་པ་བརྒྱད་གཅིག་ཅེས་པར་བསྒྱུར་བ་ཡང་མང་པོ་མཐོང་རྒྱུ་ཡོད། གཞན་ཡང་། སི་ཁྲོན་རྔ་པའི་ཁུལ་དུ་ཡོད་པའི་སྐུ་བླ་རི་བོ་ཡང་ཐོག་མའི་བོད་ཀྱི་ཡུལ་སྤྱིའི་སྐད་ཀྱི་འགྲོས་དང་དེ་བཞིན་ཐོག་མའི་མིང་གི་ནང་དོན་ལ་མ་བསྟུན་པར་ཡུལ་ལུང་བྱེ་བྲག་གི་སྐད་ཀྱི་འགྲོས་དང་བསྟུན་ནས་བསྒྱུར་བ་དཔེར་ན། 四姑娘山ཞེས་པར་བསྒྱུར་ཡོད་པ་ལ་སོགས་རེད།

    གཉིས་པ། སྣོན་འཕྲི་བསྣོར་གསུམ་གྱི་སྒྱུར་རྩལ་འཛོམས་དགོས་པ།

    གཅིག སྣོན་སྒྱུར། སྣོན་སྒྱུར་གྱི་ཐབས་ནི་རྒྱ་བོད་ལོ་ཙཱའི་ལག་ལེན་དངོས་ཀྱི་ཁྲོད་དུ་ཚིག་སྣོན་གྱི་ཐབས་སྤྱོད་དགོས་པའི་རིགས་ཧ་ཅང་མང་པོ་ཡོད། བསྒྱུར་ལ་སྣོན་ཐབས་སྤྱོད་དགོས་པ་དེ་ནི་བསྟན་དོན་བདེ་བླག་ཏུ་གོ་ཐུབ་པ་དང་འཁྲུལ་གཞི་གཅོད་ཐུབ་པ། བརྗོད་བདེ་ཞིང་ཁ་གསལ་དུ་འགྲོ་བའི་ཆེད་དུ་ཡིན། མ་ཡིག་གི་ཚིག་འགྲོས་སུ་མེད་པའི་ཚིག་འགའ་ཅུང་ཟད་ལྷག་པར་བསྒྱུར་བ་དེ་ནི་བསྒྱུར་བྱའི་མ་ཡིག་གི་གོ་དོན་དང་འབྲེལ་བ་ཡེ་ནས་མེད་པའི་ཚིག་གསར་པ་ཞིག་བསྣན་པ་ཞིག་ནི་གཏན་ནས་མ་ཡིན།

    སྒྱུར་ཐབས་འདིར་བོད་སྔ་རབས་པའི་ལོ་ཙཱ་བ་དག་གིས་ཐུགས་སྣང་ཧ་ཅང་ཆེན་པོ་མཛད་ཡོད་ལ་ལག་ལེན་གྱི་རིན་ཐང་ཡང་ཆེན་པོ་ལྡན་པའི་སྒྱུར་ཐབས་ཤིག་སྟེ། 《སྒྲ་སྦྱོར་བམ་གཉིས》སོགས་ལས་ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་དུས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་པ་འདི་ཡང་དོན་གྱིས་སྣོན་སྒྱུར་གྱི་རིགས་སུ་གཏོགས་ལ། ལྷག་པར་དུ་ཚིག་གི་ཕྲེང་བ་གང་ཞིག་བསྒྱུར་བ་ལ་དེ་ལས་ཀྱང་མཁོ་གལ་ཆེ་བའི་ཐབས་རྩལ་ཞིག་ཡིན།

    སྣོན་སྒྱུར་གྱི་ཐབས་ལམ་འདི་ཉིད་ལག་ལེན་དུ་མེད་དུ་མི་རུང་ཞིང་སྤྱོད་རྒྱ་ཤིན་ཏུ་ཡངས་པས་ན། ཕྱིས་ཀྱི་ལོ་ཙཱ་བ་དག་གིས་ཀྱང་སྒྱུར་ཐབས་དེ་ཉིད་སྤྱོད་པའི་དགོས་པ་དང་རྩ་དོན་ལ་སོགས་ཀྱང་ཞིབ་ཏུ་བསྟན་ཡོད། དཔེར་ན་ས་པཎ་གྱི་མཁས་འཇུག་ལས། འགལ་ཞིག་བོད་ལ་གོ་བདེའི་ཕྱིར། ལེགས་པར་སྦྱར་ལ་མེད་ནའང་། ཅུང་ཟད་ལྷག་པར་བསྒྱུར་བ་ཡོད། དེ་ལ་མཁས་པས་བཤད་མི་དགོས། ཞེས་བསྒྱུར་བྱའི་སྐད་ལ་སྐད་དོད་དེ་ལྟ་བུ་མེད་ཀྱང་སྒྱུར་བྱེད་སྐད་ལ་གོ་བདེ་བའི་ཆེད་དུ་སྒར་ཁ་ཤས་གསར་དུ་བསྣན་ནས་བསྒྱུར་དགོས་པ་དཔེ་དང་བཅས་གསལ་བཤད་མང་དུ་མཛད་ཡོད་པ་ལྟ་བུ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང“སྤྱིར་འགྱུར་དེ་བསྒྱུར་བྱ་ལས་མང་ཙམ་མ་བྲིས་ན་མི་གསལ་བ་སྐད་ཐམས་ཅད་ལ་འདྲ་ཞིང་། རྒྱ་དཔེ་དང་བོད་དཔེ་བསྡུར་ན་མང་ཉུང་ཤིན་ཏུ་ཆེ་བ་ཡང་རྒྱ་སྐད་འདུ་ཆེ་བ་མ་ཡིན་ཏེ། རྒྱ་ཚིག་བརྒྱད་མ་རྣམས་ཚེག་བར་བདུན་དང་། བཅུ་བ་རྣམ་དགུར་བསྒྱུར་བས་བཀླགས་ན་བོད་སྐད་ཉུང་ཡང་སྔོན་རྗེས་ཀྱི་ཡིག་ཚོགས་ཆེ་བས་བོད་དཔེ་དཔེ་བོངས་ཆེ་བར་སྣང”ཞེས་དང་། ལྷག་པར་དུ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཚང་གིས《དག་ཡིག་མཁས་པའི་འབྱུང་གནས》ལས“སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུའང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་དུ་བསྣན་ནས་བསྒྱུར་བར་བྱའོ”ཞེས་བསྒྱུར་ཐབས་འདི་ཉིད་སྤྱོད་པའི་དགོས་པ་དང་བྱེ་བྲག་གི་རྩ་དོན་དང་བཅས་པ་གཏན་དུ་འཁེལ་ཡོད་དོ།

    དཔེར་ན། 泰山、樱花、柏林ལ་སོགས་པའི་མིང་ཚིག་ལྟ་བུར་མཚོན་ན། ང་ཚོས་རྒྱ་སྐད་མ་ཤེས་པའི་ཀློག་པ་པོས་མིང་ཚིག་གང་དེར་གོ་བ་ཡང་དག་ལོན་ཕྱིར“泰山”ཞེས་པ་ཐད་ཀར་ཐའེ་ཧྲན་ཞེས་མི་བསྒྱུར་བར། སྣོན་སྒྱུར་ཕྲན་ཙམ་བྱས་ནས་ཐའེ་ཧྲན་རི་བོ་ཞེས་བསྒྱུར་བ་དང་། དེ་ནས་樱花ཞེས་པར་མེ་ཏོག་ཡིང་ཧྭ་ཞེས་བསྒྱུར་བ། དེ་བཞིན་柏林ཞེས་པར་གྲོང་ཁྱེར་པེར་ལིན་ཞེས་མིང་ཚིག་གང་དེ་ཁོངས་གཏོགས་གང་དུ་གཏོགས་མིན་འགྲེལ་བཤད་ཀྱི་ཚུལ་དུ་བསྣན་ནས་བསྒྱུར་ན་ཧ་ཅང་ལེགས་སོ།

    གཉིས། འཕྲི་སྒྱུར། འཕྲི་སྒྱུར་གྱི་ཐབས་ནི་རྒྱ་བོད་སྐད་རིགས་སོ་སོའི་བརྡ་སྤྲོད་ལུགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྒྱུར་དོན་ལ་མི་ཕན་པའི་དགོས་མེད་ཀྱི་ཚིག་རོ་འཕྲི་བ་ནི་བསྟན་བྱའི་དོན་གྱི་བརྡ་ཆད་དམ་བརྗོད་པ་བསྒྱུར་བ་དེ་དག་ཁ་གསལ་བ་དང་སྙན་ལ་འཇུག་བདེ་བའི་ཆེད་དུ་ཡིན།

    སྒྱུར་ཐབས་འདི་ཡང་བོད་བཙན་པོའི་དུས་ནས་ལག་ལེན་དུ་སྟར་བཞིན་ཡོད་ལ། ཆོས་རྗེ་ས་པཎ་གྱི་རིང་ནས་གཞུང་ལུགས་སུ་བསྟན་ཏེ་དཔེ་དང་བཅས་གསལ་བཤད་མང་དུ་མཛད་ཡོད། འཕྲི་སྒྱུར་བྱེད་པ་དེ་ལའང་དགོས་པ་ངེས་ཅན་ཞིག་ལ་དམིགས་པ་དང་བྱེ་བྲག་གི་རྩ་དོན་ལྡན་པ་ལྕང་སྐྱ་རོལ་པའི་རྡོ་རྗེའི《དག་ཡིག་མཁས་པའི་འབྱུང་གནས》ལས། “ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་སྐད་ལ་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག”ཅེས་བསྟན་པ་ལྟར་རོ།

    མདོར་ན། སྣོན་སྒྱུར་བྱེད་པར་དོན་གྱི་ས་བོན་དང་འཕྲི་སྒྱུར་བྱེད་པར་ཚིག་གི་ལྷག་རོ་རྙེད་རྒྱུ་ཤིན་ཏུ་གལ་ཆེ་སྟེ། དོན་ལ་འབྲེལ་བ་མེད་པའམ་བརྗོད་དོན་གསལ་བ་ལ་མི་ཕན་པའི་ཚིག་ལྷག་མང་དུ་བསྣན་ན་འགྱུར་ལྷག་གི་སྐྱོན་འབྱུང་བ་དང་། ཡང་ན་བསྡུ་ཚུལ་མ་ལེགས་པར་དོན་གསལ་བ་ལ་མེད་དུ་མི་རུང་བའི་ཚིག་གི་ཆ་ཤས་འཕྲིས་ན་འགྱུར་ཆད་ཀྱི་སྐྱོན་འབྱུང་བས། སྣོན་འཕྲི་གང་ཡང་མ་ཡིག་ལ་བསྟུན་པའམ་འགྱུར་མ་བརྗོད་བདེ་བའི་ཆེད་དུ་ཡིན་དགོས་སོ།

    དཔེར་ན། 质监局派驻驻村工作队ལོ་ཙཱ་བ་འགའ་ཞིག་གིས་འདི་ལྟར་བསྒྱུར་ཡོད་པ་སྟེ། སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་མངགས་གཏོང་བྱས། འདིའི་ནང་མ་ཡིག་གི་དོན་ལ་གནད་འགག་མེད་པའི་ཚིག་རོ་མང་པོ་འཕྲི་ཆོག་པ་སྟེ། སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་མངགས་ཞེས་བསྡུས་པར་བསྒྱུར་ན་མ་འགྲིག་པ་གཏན་ནས་མེད།

    གསུམ། བསྣོར་སྒྱུར། སྒྱུར་བྱེད་ཀྱི་སྐད་ལ་འབྲེལ་ཆགས་ཤིང་བརྗོད་བདེ་བ་ཞིག་ཡོང་ཆེད་བསྒྱུར་བྱའི་མིང་དང་ཚིག་སོ་སོའི་གོ་རིམ་བསྣོར་ནས་བསྒྱུར་བ་ལ་ཟེར།

    《སྒྲ་སྦྱོར་བམ་གཉིས》ལས། “རྒྱ་གར་སྐད་ཀྱི་གོ་རིམ་བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞིའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག རྐྱང་པ་ལ་ནི་དོན་གང་སྙེགས་པ་ཡན་ཆད་ཀྱི་ཚིག་དང་དོན་གཉི་ག་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག”ཅེས་གསུངས་པ་ལྟར། བསྟན་བྱའི་དོན་ལས་མི་འགལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་མ་ཡིག་གི་རྗོད་བྱེད་ཚིག་སྔ་ཕྱི་བརྗེས་ཏེ་བསྒྱུར་ནས་བོད་ཀྱི་སྐད་ལུགས་དང་མཐུན་ཞིང་འཇུག་པ་བདེ་བ་དང་གོ་སླ་བ་ཞིག་ཡོང་ན་དེ་ལྟར་བྱེད་ཅིང་། ཚིགས་སུ་བཅད་པའི་བརྗོད་པ་སྒྱུར་སྐབས་ཚིགས་བཅད་རྐང་པ་མང་ཉུང་གང་ཡང་རུང་སྟེ། ཚིགས་བཅད་ཤོ་ལོ་ཀ་དེའི་ནང་ཚིག་གི་གོ་རིམ་དཀྲུགས་ཏེ་གང་བདེ་བར་སྒྱུར་ཅིག ཚིག་ལྷུག་མ་དག་གི་བརྗོད་བྱ་རེ་ཞིག་རྫོགས་མཚམས་ཡན་ཆད་དུ་ཚིག་དང་དོན་གཉི་གའི་གོང་འོག་བསྣོར་ཏེ་གང་བར་སྒྱུར་ཅིག ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས“ཚིག་གོང་འོག་བསྣོར་ན་དོན་གོ་བ་གསལ་ཞིང་བརྗོད་བདེ་བ་རྣམས་ཚིགས་བཅད་ཡིན་ན་ཤོ་ལོ་ཀ་གཅིག་གི་ནང་དུ་གང་བདེ་བར་སྣོར་ཞིང་བསྒྱུར་པ་དང་། ཚིག་ལྷུག་རྣམས་ནི་ཚིག་གཅིག་གམ་གཉིས་སམ་གསུམ་སོགས་ཚིག་དེ་དག་གི་དོན་གང་དུ་བསྙེགས་པ་ཡན་ཆད་དུ་གང་བདེ་བར་བསྣོར་ཞིང་བསྒྱུར་བར་བྱ། འོན་ཀྱང་ཚིག་སྔ་ཕྱི་འཁྲུགས་པར་མི་འགྱུར་བ་གལ་ཆེ་ལ། དེ་ཡང་ཚིག་དེ་གའི་ནུས་པ་འདོན་ལུགས་ལ་ལེགས་པར་བརྟག་དགོས་སོ”ཞེས་ཚིག་སྔ་ཕྱི་བསྣོར་བའི་ཕན་ཡོན་དང་། གཟབ་དགོས་པའི་གནད་དོན་ལ་སོགས་ལེགས་པར་བསྟན་ཡོད། དེ་ཡང་སྒྱུར་བྱེད་སྐད་ཀྱི་བརྡ་སྤྲོད་ལུགས་དང་རྒྱན་སྤེལ་སྟངས། སྐད་ཆའི་སྦྱོར་སྲོལ་གྱི་གོ་རིམ་སྒྲིག་སྟངས་སོགས་དང་བསྟུན་ནས་སྐབས་བབ་ཀྱི་བརྗོད་དོན་མཚོན་པ་ལ་ཕན་པར་བྱ་ཆེད་ད་གཟོད་སྔ་ཕྱིའི་གོ་རིམ་བསྣོར་བ་ཡིན།

    དཔེར་ན། “君不见黄河之水天上来,奔流到海不复回”ལྟ་བུར་འདི་ལྟར་བསྒྱུར་ཡོད་པ་སྟེ། རྨ་ཆུ་མཁའ་ལས་བབས་ཏེ་རྒྱ་མཚོར་འབབ། །ལྡོག་མེད་ལྷུང་ལྷུང་བཞུར་བ་མཐོང་ལགས་སམ།།ཞེས་བསྣོར་ནས་བསྒྱུར་ཡོད། གཞན་ཡང་། 坚决依法打击杀人、抢劫、盗窃、走私、贩毒、聚众赌博、拐卖妇女儿童等刑事犯罪活动。བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལྟར་མི་གསོད་པ་དང་། འཕྲོག་བཅོམ། རྐུ་རྒྱག་པ། ལྐོག་ཚོང་རྒྱག་པ། དུག་ཚོང་རྒྱག་པ། མི་མང་ཚོགས་ནས་ཤོ་རྒྱག་པ། བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པ་བཅས་ཀྱི་ཉེས་དོན་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས་ཞེས་བསྒྱུར་བ་ལྟ་བུར་མཚོན་ན་མ་ཡིག་གི་ཚིག་འགྲོས་ཇི་བཞིན་བསྒྱུར་བས། ཚིག་གི་སྡེབ་སྦྱོར་མི་ལེགས་ཤིང་གཏན་ཚིགས་ལྷོད་པ། བརྗོད་དོན་ནང་འགལ་བྱུང་ཞིང་བོད་ཀྱི་སྐད་ཆའི་ངེས་སྲོལ་དང་འགལ་བར་མ་ཟད། ཐ་ན་གོ་ལོག་ཐེབས་པའི་ཉེན་ཁ་ཡང་ཡོད། འདི་ནི་གཙོ་བོ་མ་ཡིག་གི་གོ་རིམ་ཇི་བཞིན་བསྒྱུར་བ་ལས་བྱུང་བའི་སྐྱོན་ཡིན་པས་སྣོར་སྒྱུར་གྱི་ཐབས་ལམ་མི་སྤྱོད་ཀ་མེད་ཡིན། དེ་བས་འདིར་ཚིག་གི་གོ་རིམ་བསྣོར་ནས་བསྒྱུར་ན། མི་གསོད་པ་དང་། རྐུ་འཕྲོག་བྱེད་པ། ལྐོག་ཚོང་དང་དུག་ཚོང་རྒྱག་པ། མི་ཚོགས་བསྡུས་ནས་རྒྱན་པོ་འགྱེད་པ། བུད་མེད་དང་བྱིས་པ་གཡོ་ཚོང་རྒྱག་པ་བཅས་ཀྱི་ཉེས་དོན་ཉེས་གསོག་བྱེད་སྤྱོད་ལ་བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ཞེས་བསྒྱུར་ན་ད་གཟོད་མ་ཡིག་གི་བསྟན་དོན་ཇི་བཞིན་ཐོན་པར་མ་ཟད། བོད་རང་གི་སྐད་ཆའི་སྦྱོར་ལུགས་སོགས་དང་ཡང་མཐུན་པ་ལྟ་བུའོ།

    གོང་དུ་སྨྲས་པ་ལྟར། སྒྱུར་རྩལ་དག་རྒྱུན་གཏན་གྱི་ཡིག་སྒྱུར་ལག་ལེན་དུ་འཁྱོལ་ན་འགྱུར་མའི་བརྩམས་ཆོས་རྩེ་གྲ་ཞིག་ཐོན་ངེས་ལགས། དེས་ན་ང་ཚོས་ནམ་ཞག་རྒྱུན་དུ་ཡིག་སྒྱུར་ལམ་ལ་ཞུགས་སྐབས་སྒྱུར་བྱ་དང་སྒྱུར་བྱེད་ཀྱི་རིག་གནས་གཉིས་པོར་བྱང་ཆུབ་པ་བྱུང་རྗེས་གཞི་ནས་ཡིག་སྒྱུར་ལས་ལ་ཞུགས་རྒྱུ་གལ་ཆེ་བར་སེམས། ཁོ་བོའི་རིག་གནས་ཤེས་རྒྱ་དམན་པས་དཔྱད་རྩོམ་འདིའི་ནང་དྲངས་པའི་ལྟ་བ་དང་དཔེར་བརྗོད་ལ་སྐྱོན་ཆ་ལྡན་སྲིད་སྟབས། མཁྱེན་དཔྱོད་ཡངས་པའི་རྒྱ་ཆེའི་ཀློག་པ་པོ་ཚོས་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་བ་སྙིང་དབུས་ནས་ཞུ།

    (བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་རིག་འཛིན་རྡོ་རྗེ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།