དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ཐ་སྙད་ལོ་ཙཱ་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-24

    ལོ་ཙཱ་ཞེས་པ་ནི་ལོ་རྒྱུས་ཤིན་ཏུ་རིང་བའི་རིག་གནས་ཀྱི་བྱེད་སྒོ་ཞིག་རེད། རང་རེ་བོད་དུའང་གནའ་བོའི་དུས་ནས་ལོ་པཎ་གོང་མ་རྣམས་ཀྱིས་དམ་ཆོས་གཙོ་བོར་བྱས་པའི་བསྟན་བཅོས་མང་པོ་ཞིག་བོད་ཡིག་ཏུ་ལོ་ཙཱ་མཛད་ཡོད། དེང་གི་དུས་སུའང་ཕྱི་ཡི་རིག་གནས་དང་ཚན་རྩལ་སོགས་མང་པོ་ལོ་ཙཱ་བརྒྱུད་ནས་ནང་འདྲེན་བྱེད་ཀྱིན་ཡོད། ལོ་ཙཱའི་ལག་ལེན་ཁྲོད་ནས་གསར་འགྱུར་ལོ་ཙཱ་ནི་རྙོག་འཛིང་ཆེ་ལ་དུས་ཀྱི་ཚད་བཀག་ཆེ་བ་ཞིག་ཡིན་ཞིང་། དེའི་བྱ་བའི་གནད་འགག་གཙོ་བོ་ནི་ཐ་སྙད་གསར་པ་མང་པོ་དུས་ཐོག་ཏུ་ལོ་ཙཱ་བྱེད་དགོས་པ་དེ་རེད། འདིར་དབུས་གཙང་ཕྱོགས་ཀྱི་གསར་འགྱུར་ལས་ཁུངས་ཁག་གིས་གསར་འགྱུར་ཁྲོད་ཀྱི་ཐ་སྙད་ལོ་ཙཱ་བྱེད་ཚུལ་དཔེར་གཙོ་བོར་བཀོད་ནས། གསར་འགྱུར་ཡིག་སྒྱུར་ཁྲོད་ཀྱི་ཐ་སྙད་ལོ་ཙཱ་བྱེད་ཐབས་སྐོར་ཅུང་ཟད་གླེང་བར་བྱའོ།

    དང་པོ། ལོ་ཙཱའི་དཔུང་སྡེ།

    གསར་འགྱུར་ལོ་ཙཱའི་བྱ་བ་གཉེར་མཁན་གྲས་སུ་བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་དྲིལ་བསྒྲགས་པུའུ་དང་། རླུང་འཕྲིན་བརྙན་འཕྲིན་ཁང་། ཚགས་པར་ཁང་། རྩོམ་སྒྱུར་ཅུད་སོགས་ལས་ཁུངས་དང་། དེ་མིན་ད་དུང་ཚོགས་པ་དང་མི་སྒེར་སོགས་ཀྱང་ཡོད། དེའི་ཁྲོད་དུ་ལྗོངས་རིམ་པ་ཡོད་ལ། ས་ཁུལ་རིམ་པ་ཡང་ཡོད། ལོ་ཙཱའི་ལས་ལ་གཞོལ་བའི་ལས་ཁུངས་ལ་ཆེ་ཕྱོགས་ནས་ཁག་གསུམ་དུ་འབྱེད་ཆོག དེ་ནི་བོད་སྐད་ཡིག་ལས་དོན་ལས་ཁུངས་དང་། རླུང་འཕྲིན་བརྙན་འཕྲིན་ཁང་། དུས་དེབ་དང་ཚགས་པར་བཅས་ཡིན།

    གཉིས་པ། དབུས་གཙང་སྐད་ཀྱི་གསར་འགྱུར་ལོ་ཙཱ།

    དབུས་གཙང་སྐད་ཀྱི་གསར་འགྱུར་ལོ་ཙཱའི་བྱ་བ་གཉེར་མཁན་ལས་ཁུངས་དང་སྨྱན་སྦྱོར་དག་ལས་གསར་འགྱུར་ལོ་ཙཱའི་ཐད་ལ་དབང་གྲགས་ལྡན་པ་ནི་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུད) དེ་བཞིན། དུས་དེབ་དང་ཚགས་པར་ཁག་གཅིག་ཡིན། གཤམ་དུ་ལས་ཁུངས་དང་སྨྱན་སྦྱོར་དེ་དག་གི་གསར་འགྱུར་ཁྲོད་ཀྱི་ཐ་སྙད་ལོ་ཙཱ་བྱས་ཚུལ་དཔེར་བཀོད་ནས་དཔྱད་པར་བྱ།

    གཅིག བོད་སྐད་ཡིག་ལས་དོན་ལས་ཁུངས།

    བོད་སྐད་ཡིག་ལས་དོན་ལས་ཁུངས་ནི་བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་བོད་སྐད་ཨུད་གཞུང་ལས་ཁང་གཉིས་ལ་གོ་བ་ཡིན། དེ་གཉིས་ཀྱིས་གཙོ་བོ་གསར་འགྱུར་སྐོར་གྱི་ཐ་སྙད་གང་མང་ཞིག་དབུས་གཙང་སྐད་གཞིར་བྱས་ནས་བོད་ཡིག་ཏུ་བཀས་བཅད་མཛད་ཡོད།

    2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་འགྱུར་དང་འབྲེལ་བའི་ཐ་སྙད་ལོ་ཙཱ་བྱས་པའི་ནང་། རྒྱ་ཡིག“冰鞋”“冰壶”སོགས་བོད་ཡིག་ལ་ཐད་སྒྱུར་བྱས་ཏེ། “འཁྱགས་ལྷམ”དང་“འཁྱགས་ལྟིར”ཞེས་རྒྱ་ཡིག་གི་འགྲོས་བཞིན་དུ“འཁྱགས”སྔོན་ལ་ཐོན་ཡོད། དེ་ནི་རྒྱ་ཡིག་གི་དོན་དང་མཐུན་ལ་བོད་ཡིག་ཏུ་བརྗོད་ཀྱང་བདེ། ལ་ལ་རྒྱ་ཡིག་དང་མ་བསྟུན་པ་ཡང་ཡོད། “漏门”དང“旗门”ཞེས་པ་ནི་གངས་འཁྱག་ལུས་རྩལ་གྱི་ཆེད་སྤྱོད་སྒྲིག་ཆས་ཤིག་ཡིན་པ་དེ་དོན་སྒྱུར་བྱས་པའི་རྨང་གཞིའི་ཐོག་འགྲན་བསྡུར་བྱེད་སྐབས་རྐྱེན་དུ་མའི་དབང་གིས་དར་སྒོ་ཁག་གཅིག་ལུས་པར“漏门”ཞེས་འབོད་ཀྱི་ཡོད་པར་བརྟེན། ལོ་ཙཱ་བྱེད་པར་གཏན་ཚིགས་ལ་ཡང་དང་དོད་བྱས་ནས“དར་སྒོ་ལུས་པ”ཞེས་བསྒྱུར་ཡོད། དཔེར་ན་རྒྱ་ཡིག་གི“单板滑雪”ལྟ་བུ“ཡ་པང་གངས་ཤུད”ཅེས་བོད་ཡིག་ལ་ཡང་ཡི་གེ་བཞི་ཅན་དུ་ལོ་ཙཱ་བྱས་འདུག “北欧两项”ལྟ་བུ“ཡོ་རོབ་བྱང་མའི་རྣམ་གྲངས་གཉིས”ཞེས་ལོ་ཙཱ་བྱས་ཡོད། རྒྱ་ཡིག་གི“北欧”ཞེས་པ་ནི་བསྡུས་མིང་ཡིན་པ་དང་། བོད་སྐད་ཀྱི་གཏན་ཚིགས་ཁྲོད“ཡོ་བྱང”ཞེས་པའི་བསྡུས་མིང་ལ་གོ་རྒྱུ་ཅི་ཡང་མེད་པས། “ཡོ་རོབ་བྱང་མའི་རྣམ་གྲངས་གཉིས”ཞེས་མིང་ཆ་ཚང་ལོ་ཙཱ་བྱས་པ་རེད། སྤྱིར་སྐད་ཡིག་ཅིག་ཏུ་སྐད་ཡིག་གཞན་ནས་ཆེད་སྤྱོད་ཐ་སྙད་གསར་པ་ཞིག་ལོ་ཙཱ་བྱེད་པར་དོན་སྒྱུར་བྱེད་པའི་དགོས་པ་མེད་ཚེ་སྒྲ་རང་སོར་བཞག་ཆོག་སྟེ། “冰墩墩”“雪容融”ཞེས་པ“པིང་ཏུན་ཏུན”དང“ཞོལ་རུང་རུང”ཞེས་སྒྲ་རང་སོར་བཞག་ཡོད། དེ་ལྟར་སྒྲ་རང་སོར་བཞག་པས་དོན་ལ་འཁྲུལ་བ་མི་འབྱུང་བ་དང་གོ་བདེ་བའི་དགེ་མཚན་ལྡན། གཞན་ཡང་། རྒྱལ་སྤྱིའི་ཐོག་ཀུན་གྱིས་སྤྱོད་པའི་བརྡ་རྟགས་ཡོད་ཚེ་དེ་རང་སོར་བཞག་ཆོག་སྟེ། “U型场地技巧”ཞེས་པའི་སྐབས་སུ“U”ཐད་ཀར་སོར་འཇོག་དང་ཡི་གེ་གཞན་དག་དོན་སྒྱུར་བྱས་འདུག འདིའི་སྐབས་སུ་ལོ་ཙཱ་བས་རྒྱལ་སྤྱིའི་འགྲོ་ལུགས་ལྟར་དུ་འགྱུར་ཡིག་གིས་མ་ཡིག་གི་བརྡ་རྟགས་ལ་སྲུང་འཛིན་བྱས་པ་ཤེས་ནུས།

    ཏོག་གསར་གློ་ཚད་རིམས་ནད་ཐོན་རིང་། ཏོག་གསར་གློ་ཚད་རིམས་འགོག་སྐོར་གྱི་གསར་འགྱུར་དུས་ཐོག་ཏུ་ལོ་ཙཱ་བྱེད་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར། རྒྱ་ཡིག་ཐ་སྙད་དག་ལས“阿兹夫定片”ནི་ཆེད་སྤྱོད་ཀྱི་ཐ་སྙད་ཡིན་པས་སྒྲ་རང་སོར་བཞག་ཡོད། དེ་ནི《སྒྲ་སྦྱོར་བམ་པོ་གཉིས་པ》ཡི་ནང་རྒྱ་གར་དུ་ཡོད་ལ་བོད་དུ་མེད་པའི་རིགས་སྒྲ་རང་སོར་བཞག་པ་དང་དོན་གཅིག་པ་རེད། “冰贴”ལྟ་བུའི་ཐ་སྙད་ཁ་ཤས་ལ“གྲང་འབྱར། འཁྱགས་འབྱར།”ཞེས་འགྱུར་མི་འདྲ་བ་རེ་གཉིས་ཐོན་ཡོད། ། དེ་ནི་ལོ་ཙཱའི་དངོས་སྤྱོད་རང་བཞིན་ལ་བསམ་གཞིག་བྱས་པ་སྟེ། ཕ་རོལ་པོར་དུས་ཚོད་ཐུང་ཐུང་ངམ་ཛ་དྲག་དུས་སུ་གང་བདེ་གང་སྤྱོད་བྱེད་དུ་འཇུག་ཆེད་ཡིན། “大白”ནི་རིམ་ནད་སྐབས་སུ་གློ་བུར་དུ་ཐོན་པའི་ཐ་སྙད་ཅིག་རེད། རྒྱ་ཡིག་ལ“大白”ཞེས་འབོད་དུས་སྙིང་ཉེ་བའི་ཆ་ཡང་ཡོད། བོད་ཡིག་ལ“གོས་དཀར་ཅན”དང“དཀར་ཆེན”ཞེས་ལོ་ཙཱ་བྱས་ཡོད། སྐད་ཆའི་ནང་དུ་རིག་གནས་ཀྱི་བསམ་བློ་འདུས་པ་དང་། འགྱུར་མའི་ཁྲོད་རིག་གནས་ཀྱི་བསམ་བློ་དེ་མ་ཐོན་ན་བླ་སྲོག་ཤོར་བ་ཡིན། “大白”ནི་བོད་ཡིག་ཏུ“གོས་དཀར་ཅན”དང“དཀར་ཆེན”ཞེས་སྙིང་ཉེ་བའི་ཆ་སྟོན་མ་ཐུབ་ལ། དེ་བཞིན་ཐ་སྙད་ཀྱི་མཚོན་དོན་ཡང་བོད་ཡིག་ནས་མཚོན་ཐུབ་མེད། “场所码”ནི་རིམས་ནད་སྐབས་སུ་གནས་གང་དུ་སོང་བ་བརྟག་བྱེད་ཅིག་ཡིན། དེ་ནི་བོད་ཡིག་ལ“གནས་ཡུལ་བཤེར་རྟགས”ཞེས་བྱ་ཚིག“བཤེར”ཞེས་པ་ཁ་སྣོན་བྱས་ཡོད། དེ་ཁ་སྣོན་མ་བྱས་ཚེ“གནས་ཡུལ་རྟགས”ཞེས་བསྒྱུར་ན་ཡུལ་རྟགས་ཙམ་ལས“场所码”ཡིན་པ་གོ་མི་ནུས།

    གཞན་ཡང་། ཏོག་གསར་གློ་ཚད་རིམས་འགོག་སྐོར་གྱི་ཚིག་ཐུང་ལོ་ཙཱ་བྱས་པ་ལ། “白衣执甲、逆行出征”ལྟ་བུ་ནི་བོད་ཡིག་ཏུ“གོས་དཀར་ཅན་གྱིས་གོ་ཆ་སྤྲས། དཔའ་ངར་ཆེན་པོས་ཉེན་སྣར་སྐྱོད”ཅེས་ལོ་ཙཱ་བྱས་ཡོད། དེ་ལས“白衣执甲”བོད་ཡིག་ལ་ཐད་སྒྱུར་བྱས་པ་དང་། “逆行出征”སྐབས་སུ“逆行”ནི་སྤྱིར་ལྡོག་ནས་སྐྱོད་པ་དང་། “出征”ནི་གཡུལ་དུ་སྐྱོད་པའི་དོན་རེད། དེ་ཐད་ཀར་བསྒྱུར་ན་ཉེན་ཁའི་མདུན་བསུས་ཏེ་ལྡོག་ཕྱོགས་སུ་དཔུང་སྐྱོད་ཅེས་པ་ཡིན། གསར་འགྱུར་ལོ་ཙཱའི་སྐབས་སུ་ལོ་ཙཱ་བས་སྐད་ཡིག་གཉིས་བར་གྱི་བརྗེ་སྒྱུར་ཤེས་དགོས་ཤིང་། ཐ་སྙད་དང་ཚིག་གི་བརྗེ་སྒྱུར་ལ་བརྟེན་ནས་ཕན་ཚུན་དབར་གྱི་མི་མཐུན་པའི་ཆ་སེལ་ཐབས་བྱེད་དགོས། སྐབས་འདིར་བོད་ཡིག་ལ“དཔའ་ངར་ཆེན་པོས་ཉེན་སྣར་སྐྱོད”ཅེས“逆行”དང“出征”ནི་ཉེན་སྣར་སྐྱོད”དང“དཔའ་ངར་ཆེན་པོ”གཉིས་སུ་བརྗེ་སྒྱུར་བྱས་ཏེ་རྒྱ་བོད་སྐད་ཡིག་གཉིས་ཀྱི་མི་མཐུན་པའི་ཆ་བསལ་ནས་དོན་ལེགས་པར་མཚོན་པ་དེའང་སྐུ་ཞབས་ལུའུ་ཞུན་ལགས་ཀྱིས“གཙོ་བོར་གོ་སླ་བ་ལ་འབད་དགོས(力求其易解)”ཞེས་གསུངས་པ་ལྟར་བྱུང་ཡོད། “一测一扫三查验”ཞེས་པ་ནི“བརྟག་གཅིག་བཤེར་གཅིག་དཔྱད་ཞིབ་གསུམ”ཞེས་པར་ལོ་ཙཱ་བྱས་ཡོད། གྲངས་ཀ་ལ་ནང་དོན་ངེས་ཅན་ལྡན་པ་དང་། གནད་འགག་དང་དམིགས་བསལ་དུས་ཀྱི་ཁ་འབོད་ཅིག་ཀྱང་ཡིན་པས། ཡི་གེ་རེ་རེ་བཞིན་ལོ་ཙཱ་བྱེད་པ་དང་། གྲངས་ཀ་དག་ཀྱང་རང་སོར་བཞག་ཡོད་པ་ནི་ལེགས་པར་མཐོང་།

    གཉིས། དུས་དེབ་དང་ཚགས་པར།

    འདིར་2024ལོའི་ཟླ་4པའི་དུས་དེབ་དང་ཚགས་པར་གསར་འགྱུར་ཁྲོད་དུ་ལོ་ཙཱ་བྱས་པའི་ཐ་སྙད་ཁག་གཅིག་བཀོད་པ་དཔེར་ན། 2024ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》སོགས་སྙན་སྒྲོན་ཆེན་པོ་དག་གི་ཁྲོད་དུ“新质生产力”ཞེས་པའི་ཐ་སྙད་ཐོན་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ཁང་གི་གསར་འགྱུར་ལེ་ཚན་ལས་ཐ་སྙད་འདི་དམིགས་བསལ་གྱི་སྒོ་ནས་གསལ་བཤད་མང་པོ་བྱས་ཡོད་ལ། 2023ལོའི་གསར་འགྱུར་ཐ་སྙད་གཙོ་བོ་ཞིག་ཏུ་གྱུར་ཟིན། དུས་དེབ་དང་ཚགས་པར་ཁག་གཅིག་ཏུ“ཐོན་སྐྱེད་ནུས་ཤུགས་གསར་མ”ཞེས་ལོ་ཙཱ་བྱས་འདུག འོན་ཀྱང་། དེ་ནི་རྒྱ་ཡིག་གི་དོན་དང་མི་མཐུན་པར་འདོད་དེ། ཐ་སྙད་འབྱུང་ཁུངས་(词源学)ཐད་ནས་བསམ་བློ་བཏང་ན། “新质生产力”ཞེས་པའི་ནི“生产力”ནི་ཐོན་སྐྱེད་ནུས་ཤུགས་དང་། “新”ནི་གསར་པ་དང་གསར་མའི་དོན་ཡིན། ཐ་སྙད་འདིའི་ཁྲོད་ཀྱི་ནང་དོན་གཙོ་བོ་དང་གོ་བ་ལེན་ས་གཙོ་བོ་ནི“质”ཡི་ཐོག་ཏུ་བབས་ཡོད། སྤྱིར་ལོ་ཙཱ་བྱེད་སྐབས་མ་ཡིག་ལ་གོ་བ་ཡག་པོ་ལོན་པ་བྱེད་རྒྱུ་ནི་རྨང་གཞི་ཡིན། དེའི་ཐོག་ནས་སྐད་ཡིག་དབར་ནང་དོན་བརྗེ་སྤོར་བྱེད་དགོས་པ་ཡིན། བརྗེ་སྤོར་བྱས་པའི་ནང་དོན་ནི་ཐ་སྙད་དང་ཚིག་ལ་བརྟེན་དགོས་པ་དང་། ཐ་སྙད་ངེས་པར་དུ་གནད་ལ་འཁེལ་བ་ཞིག་ཡིན་དགོས། ཡིན་ཡང་དུས་དེབ་དང་ཚགས་པར་དུ་གསར་འགྱུར་གྱི་དུས་ཐོག་རང་བཞིན་གཙོར་བཟུང་ནས་རྟབ་རྟབ་པོར་ལོ་ཙཱ་བྱས་པས“质”ཡི་དོན་མཚོན་མེད་པར་སྣང་། “新质生产力是摆脱传统经济增长方式,具有高科技、高效能、高质量的特征” དེར་བརྟེན། ཐོན་སྐྱེད་ནུས་ཤུགས་གསར་མ་འདིས་བརྟེན་པའི་གཞི་མ་ནི་ཚན་རྩལ་འདུས་ཚད་མཐོ་བ་དང་སྤུས་ཚད་ལེགས་པ་སོགས་ཡིན་པས། འདིར“གཞི་གསར་ཐོན་སྐྱེད་ནུས་ཤུགས”ཞེས་བསྒྱུར་ན“质”ཡི་དོན་ཅུང་སྟོན་ཐུབ་སྙམ། “绿水青山就是金山银山”ཞེས་པ་བོད་ཡིག་ཏུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པར་ལོ་ཙཱ་བྱས་འདུག ཚིག་ངོས་ནས་བལྟས་ཚེ་ཚིག་སྦྱོར་དང་ནང་དོན་སོགས་ཚང་མ་གཅིག་མཐུན་བྱུང་ཡོད་མོད། ཡིན་ཡང་བོད་ཡིག་ཁྲོད་དུ“ལྷག”ཅེས་བསྡུར་བ་སྟོན་པའི་མིང་ཐོན་པ་དང་། རྒྱ་ཡིག་གི་ཁྲོད་དུ་བསྡུར་བ་སྟོན་པའི་ཚིག་མེད་པས། དེ་ལ་སྣོན་སྒྱུར་བྱས་ནས་གོ་བ་ལེན་ནོར་ཤོར་འདུག་སྙམ་པའི་དོགས་གཞི་སྐྱེས་འོང་། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན”ཞེས་པར་བསྒྱུར་ན། སྐུ་ཞབས་ཆན་ཀྲུང་ཧྲུའུ་ཡིས“མ་ཡིག་གི་བྲོ་ཉམས་དེ་ཇི་བཞིན་སྲུང་དགོས”ཞེས་གསུངས་པ་ལྟར་བྱུང་འདུག་སྙམ་མོ།

    “新疆”ནི་རང་རྒྱལ་གྱི་སྲིད་འཛིན་ས་ཁུལ་ཅིག་གི་མིང་ཡིན། 《བོད་རྒྱ་ཤན་སྦྱར་ཚིག་མཛོད》ལྟར་ན“ཞིན་ཅང”ཞེས་ལོ་ཙཱ་བྱེད་དགོས། ཡིན་ཡང་དབུས་གཙང་སྐད་ཀྱི་བརྡ་སྤྲོད་ཁྱད་ཆོས་དང་མཐུན་པའི་ཆེད་དུ“ཤིན་ཅང”ཞེས་པར་བསྒྱུར་ཡོད། དེ་ཡང་ལྷ་ས་གཙོ་བོར་བྱས་པའི་དབུས་གཙང་སྐད་དུ་གསལ་བྱེད་ཡི་གེ་ཞ་ཡི་སྒྲ་ཤ་དང་ཉེ་བར་ཀློག་པས་དེ་ལྟར་ལོ་ཙཱ་བྱས་པར་ཡང་རྒྱུ་མཚན་མེད་པ་མ་ཡིན།

    གོང་དུ་རྒྱ་བོད་གསར་འགྱུར་ཐ་སྙད་ལོ་ཙཱ་བྱས་ཚུལ་དཔེར་བརྗོད་ཀྱི་སྒོ་ནས་དབྱེ་ཞིབ་བྱས་པ་དང་། དེ་ལས་སྡོམ་ཚིག་གསུམ་ཐོབ་སྟེ། གཅིག་ནས་ཐ་སྙད་ལོ་ཙཱ་ལ་དོན་སྒྱུར་དང་སྒྲ་སྒྱུར་གཉིས་ཀ་སྤྱད་པ་དང་། གཙོ་ཆེ་བ་དོན་སྒྱུར་བྱས་པ་དེ་ནི་མང་ཚོགས་ལ་དྲིལ་བསྒྲགས་བྱེད་བདེ་བ་དང་གོ་བར་ཕན་པ་དང་། གཉིས་ནས་མ་ཡིག་དང་ཕལ་ཆེར་ཡིག་འབྲུ་རེ་རེ་བཞིན་བསྟུན་ཐབས་བྱས་ཡོད་པ་དེ་ནི་གསར་འགྱུར་ལ་ནོར་འཛོལ་མི་འབྱུང་བར་ཕན། གསུམ་ནས་དམིགས་བསལ་གྱི་རྟགས་དང་ཨང་ཀི་རྒྱལ་སྤྱིའི་ཚད་གཞི་ལྟར་རང་སོར་བཞག་པ་དེ་ནི་ས་པཎ་གྱིས“ལོ་ཙཱ་ནི་ནེ་ཙོ་ལྟ་བུའོ”ཞེས་གསུངས་པ་ལྟ་བུ་རེད།

    (བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་ཚེ་བརྟན་སྒྲོལ་དཀར)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།