ཀ་ཕྲེང་ལ་སྦྱར་བའི་གནའ་དེང་གི་བསྡུར་བ།
སྔོན་ཆད་ང་ཚོའི་སྡོད་ཁང་ཀ་གཅིག་ལྕམ་གང་མུན་ནག །
ད་ཆ་ང་ཚོའི་སྡོད་ཁང་ཨར་འདམ་ཐོག་བརྩེགས་ཁང་གསར། །
སྔོན་ཆད་ཕ་མ་བུ་འཛོམས་ཁ་ལག་ཞིམ་ཞིམ་དཀོན་པ། །
ད་ཆ་གང་དགོས་ཅི་འཛོམས་ཧ་ཅང་འབེལ་འབེལ་ལྷུག་ལྷུག །
སྔོན་ཆད་ཁྲལ་རིགས་མང་བས་ག་བྱེད་འདི་བྱེད་མི་ཤེས། །
ད་ཆ་མཛད་ཕྱོགས་སྲིད་བཟང་ས་ཁྱབ་རྡོ་ཁྱབ་རེད་འདུག །
སྔོན་ཆད་ལུང་གང་སྤྲང་འཁྱམ་ང་འདྲ་གཅིག་པ་གཅིག་རྐྱང་། །
ད་ཆ་ལུང་གང་ཕྱུག་བདག་ཆར་ཤུལ་ཤ་མོ་རྡོལ་རྡོལ། །
སྔོན་ཆད་གུ་དོག་ཁང་རྙིང་ཅ་དངོས་རྩ་ཆེན་དབེན་པ། །
ད་ཆ་ཐོག་བརྩེགས་ཁང་བཟང་གཅིག་གིས་གཅིག་ལ་འགྲན་སོང་། །
སྔོན་ཆད་སྐྱ་ཟད་སྔོ་ཐུག་ཆ་ལུགས་ཡ་རེ་ང་བ། །
ད་ཆ་རྒྱན་གོས་མཛེས་པོས་མི་སྨོན་རང་སྐྱིད་བྱུང་སོང་། །
སྔོན་ཆད་ཀུན་ལ་འབེལ་བ་ཇ་ཐང་སླ་པོ་ཙམ་ཞིག །
ད་ཆ་ཀུན་ལ་མེད་པ་ཡ་མཚན་རྟ་ཕོའི་རྭ་ཅོ། །
སྔོན་ཆད་ནོར་གྱིས་ཕོངས་ཏེ་ཉ་མོ་ཉ་རྐྱང་རང་ཡིན། །
ད་ཆ་འཇོན་ཐང་ཆེ་བ་འ་ཅག་ཕྱུག་པོའི་སྦྱིན་བདག །
སྔོན་ཆད་ང་ཚོའི་འཚོ་བ་རྟ་ཟོག་སེམས་ཅན་རང་རེད། །
ད་ཆ་ཁ་ཡོད་ལག་ཡོད་ཟ་ཆོག་འཐུང་ཆོག་ཡིན་ནོ། །
སྔོན་ཆད་མགར་བ་ཟེར་ནས་ཐ་མལ་རིགས་ལ་བརྩི་ཡང་། །
ད་ཆ་ལག་ཤེས་བདག་པོ་ཀུན་གྱི་ཡིད་སྨོན་འཆོར་ས། །
སྔོན་ཆད་ཉིན་གཅིག་འཁྱོལ་ན་འདོད་བློ་ངང་གིས་ཁེངས་སོང་། །
ད་ཆ་འཚོ་བ་སྐྱིད་པས་མི་ཚེ་རིང་ན་བསམས་བྱུང་། །
སྔོན་ཆད་གདུག་རྩུབ་ཆེ་བས་ན་ལོང་ཤི་ལོང་མི་འདུག །
ད་ཆ་གྲོང་གསེབ་དར་རྒྱས་རྣམ་པ་གཅིག་ལས་གཅིག་མཛེས། །
སྔོན་ཆད་བསོད་ནམས་དབེན་པའི་པཱ་ལགས་ཞིང་བྲན་ཡིན་ཡང་། །
ད་ཆ་ཕྱུག་བདག་ཚང་གི་སྦྱིན་བདག་བསོད་ནམས་བག་གྲོ། །
སྔོན་ཆད་མུན་ནག་དྲན་དུས་ཕ་མར་སྙིང་རྗེ་སྐྱེས་བྱུང་། །
ད་ཆ་བདེ་སྐྱིད་ཁྱིམ་ཚང་འབྱོར་པ་ཀླུ་དང་མཉམ་སོང་། །
སྔོན་ཆད་འཇོ་རྒྱུ་དཀོན་པའི་བ་ཕྱུགས་རྙང་རལ་འཛར་འཛར། །
ད་ཆ་འཕྲུལ་གྱི་འཁོར་ལོས་མ་ལུས་འདོད་པ་བསྐངས་སོང་། །
སྔོན་ཆད་སྐྱེ་བ་དམན་པའི་མ་ཡི་བུ་མོ་ལག་རྡུམ། །
ད་ཆ་འཇོན་ཐང་ཅན་གྱི་བལ་འཐག་བཟོ་གྲྭའི་སྦྱིན་བདག །
སྔོན་ཆད་གནས་བཟང་ཙ་རི་རྣ་བས་ཐོས་པ་ཙམ་ཡིན། །
ད་ཆ་ཡུལ་ལུང་མང་པོར་ཡུལ་སྐོར་འགྲོ་སྐལ་བྱུང་སོང་། །
སྔོན་ཆད་སེམས་ལ་བསམ་ཡང་ཚ་ལོང་ཞེད་སྣང་རྒྱུ་རེད། །
ད་ཆ་རང་གིས་འཇོན་ན་ཕྱུག་འགྱུར་ཐབས་ལམ་མང་བ། །
སྔོན་ཆད་ཁྱིམ་ཆས་ཡག་པ་རྫ་ཁོག་ཆག་གྲུམ་འགའ་ཞིག །
ད་ཆ་སྤྱོད་ཆེའི་གློག་ཆས་ན་ཁའི་རྩྭ་ལས་འབེལ་བ། །
སྔོན་ཆད་མངའ་བདག་ཆེ་གསུམ་ཝ་བཞིན་གཡོ་སྒྱུ་ཆེ་བ། །
ད་ཆ་གུང་ཁྲན་ཏང་མིའི་ཐུགས་ལ་བསམ་རྒྱུ་དམངས་རེད། །
སྔོན་ཆད་གོ་ཐོས་ཙམ་ལས་ཞ་ར་ངོ་མ་ངོ་རྐྱང་། །
ད་ཆ་མིག་མཐོང་ལག་ཟིན་ཐ་སྤག་ནང་གི་ཞིམ་ཟས། །
སྔོན་ཆད་ཟས་གོས་དབུལ་བས་ཟ་ཚོད་འཐུང་ཚོད་བྱེད་དགོས། །
ད་ཆ་རང་མགོ་རང་ཐོན་མི་ཚེར་འཇའ་འོད་འཁྲིགས་བྱུང་། །
སྔོན་ཆད་དུད་འགྲོ་ལྟ་བུའི་འ་ཅག་ཉམ་ཆུང་མི་སེར། །
ད་ཆ་འབྱོར་འབྲིང་ལམ་གྱི་ཡ་རབས་ཕྱུག་འགྱུར་སྣེ་ཁྲིད། །
སྔོན་ཆད་ངེད་ཚོས་འཇོན་པ་ར་རྫི་ལུག་རྫིའི་ལས་རེད། །
ད་ཆ་ཕོ་མོ་དབྱེར་མེད་ཆ་རྫོགས་ལག་ཤེས་མཁས་པ། །
སྔོན་ཆད་གང་འགྲོའི་གནས་རྣམས་ལ་ཀླུང་སྐྱ་བོ་ཁོ་ན། །
ད་ཆ་སྐྱེད་མོས་ཚལ་གྱི་ལྡུམ་ར་དཔུང་གདང་གཤིབ་གཤིབ། །
སྔོན་ཆད་རེ་མེད་སྤོབས་མེད་ཤ་ཚ་བྱེད་ཡུལ་ཡིན་པ། །
ད་ཆ་ཕ་ཡུལ་སྐྲུན་མཁན་རང་ཉིད་འཚོ་བའི་བདག་པོ། །
སྔོན་ཆད་མི་མེད་ལུང་སྟོང་ས་རྒོད་ཐང་རྒོད་མང་བ། །
ད་ཆ་འབྲུ་རིགས་སྣ་ལྔས་གང་སར་མགོ་ལྕོག་ལྡེམ་ལྡེམ། །
སྔོན་ཆད་བཀྲེས་སྐོམ་སྡུག་གིས་ཧ་ཅང་བཟོད་བསྲན་དཀའ་བ། །
ད་ཆ་འབྱོར་འབྲིང་འཚོ་བས་ལུས་སེམས་བདེ་ལ་འཁོད་སོང་། །
སྔོན་ཆད་ཞིང་བྲན་འཚོ་བ་ཨ་ཙི་དྲན་ན་སྐྱོ་བ། །
ད་ཆ་འཚོ་བ་གསར་པས་ང་ལ་བསུ་མ་གནང་བྱུང་། །