སློབ་ཆུང་འཛིན་བདག་གིས་སློབ་མ་ཇི་ལྟར་སྐྱོང་དགོས་པའི་སྐོར་རགས་ཙམ་གླེང་བ།
སློབ་ཆུང་སློབ་མ་ནི་ལོ་ཚོད་དང་། རིག་གནས་ཀྱི་བྱང་ཚད། བསམ་གཞིག་བྱེད་ནུས། རང་རྐྱ་འཕེར་ནུས་སོགས་གང་ཅིའི་ཐད་ནས་བཤད་ཀྱང་སློབ་འབྲིང་དང་སློབ་ཆེན་གྱི་སློབ་མ་དང་བསྡུར་ཐབས་ཡེ་ནས་མེད་པས། སློབ་ཆུང་གི་དགེ་རྒན་ཞིག་དང་ལྷག་པར་དུ་འཛིན་བདག་ཅིག་ཡིན་ཕྱིན། སློབ་མའི་སློབ་སྦྱོང་ལ་དོ་ཁུར་བྱེད་པ་ཁོ་ནས་མི་འགྲིག་པར། ཁོང་ཚོའི་འཚོ་བ་དང་རྒྱུན་གཏན་གྱི་བསམ་པའི་འཁྱེར་ཕྱོགས་ལ་དོ་སྣང་དང་སེམས་ཁུར་ཆེན་པོ་བྱེད་དགོས་ཀྱི་ཡོད་ལ། འཛིན་བདག་རང་ངོས་ནས་སློབ་མའི་སློབ་སྦྱོང་ཙམ་མ་ཟད། ད་དུང་དུས་རྒྱུན་གྱི་འཚོ་བ་དང་། བསམ་བློ་ཀུན་སྤྱོད་སོགས་ལ་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཀྱི་ཡོད།
འཛིན་བདག་ནི་སློབ་མའི་ཕྱོགས་གང་ཅིའི་ཐད་ཀྱི་འགན་འཁུར་མཁན་དང་། དོ་དམ་བྱེད་མཁན། མཛུབ་སྟོན་བྱེད་མཁན་ཡིན་པས། སློབ་མ་རྣམས་ཉི་མའི་དྲོད་ཁོལ་འོག་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕྱོགས་ངེས་ཅན་ཞིག་ནས་བཤད་ན། འཛིན་བདག་གི་དཔེ་ཁྲིད་མི་སྐྱོང་གི་ནུས་པ་དང་འབྲེལ་བ་ཆེན་པོ་ཡོད། ལྷག་པར་དུ། སློབ་གྲྭའི་རྒྱལ་སྒོ་འཛུལ་མ་ཐག་པའི་སློབ་མ་ཆུང་ཆུང་ཞིག་ལ་མཚོན་ན། འཛིན་བདག་ནི་སློབ་མའི་ལྟ་སྐྱོང་བ་ལྟ་བུ་ཞིག་ཡིན་པས། འཛིན་བདག་གི་ཕྲག་ཏུ་བབས་པའི་འགན་འཁྲི་ཧ་ཅང་ལྕི། འདིར་རང་ཉིད་གཞི་རིམ་གྱི་སློབ་གསོའི་ལས་དོན་གྱི་འཐབ་ས་མདུན་མར་དཔེ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ་བའི་ལོ་མང་གི་ཉམས་མྱོང་དང་འབྲེལ་བ་བྱས་ནས། སློབ་ཆུང་འཛིན་བདག་གིས་སློབ་མ་ཇི་ལྟར་སྐྱོང་དགོས་པའི་སྐོར་རགས་ཙམ་གླེང་བར་བྱ།
དང་པོ། སྣོད་དང་བསྟུན་ནས་སློབ་གསོ་རྒྱག་དགོས།
སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཙམ་མ་ཟད། ད་དུང་བསམ་བློའི་འཁྱེར་སོའམ་ཀུན་སྤྱོད་ལ་རྒྱུས་མངའ་ཟབ་མོ་ལོན་པར་བྱེད་རྒྱུ་ནི་འཛིན་གྲྭར་དོ་དམ་བྱེད་མཁན་གྱི་འཛིན་བདག་གི་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མཐོང་། གང་ལགས་ཤེ་ན། སློབ་ཆུང་སློབ་མའི་ཁྱད་ཆོས་གཙོ་བོ་ནི་ལོ་ན་ཆུང་བ་དེ་ཡིན་པས། ལོ་ན་ཆུང་བའི་རྐྱེན་གྱིས་ཁོང་ཚོས་འཇིག་རྟེན་གྱི་བྱ་བ་མང་པོར་རྒྱུས་མངའ་དང་ངོས་འཛིན་གསལ་པོ་མེད་ལ། ནར་མ་སོན་པའི་ཁར་བསམ་བློའི་གོ་རྟོགས་མཐོ་པོ་མེད་པས། ལོ་ཚོད་དེ་ལྟ་བུའི་སློབ་ཆུང་སློབ་མས་རང་གིས་བྱ་སྤྱོད་ཅི་ཞིག་བརྩམས་ཀྱང་འགྲིག་མིན་དང་བདེན་རྫུན་ལ་བརྡར་ཤ་གཅོད་ཐུབ་ཀྱི་མེད་ལ། ལེགས་ཉེས་བླང་དོར་འབྱེད་པའི་བློ་གྲོས་ཀྱང་མེད། དེ་བས། ཁོང་ཚོས་རང་གིས་བརྩམས་པའི་བྱ་སྤྱོད་ལ་འགན་འཁུར་གྱི་འདུ་ཤེས་མེད་ལ། འགན་འཁུར་གྱི་ནུས་པ་ནི་དེ་བས་ཀྱང་མེད་པས། གལ་ཏེ་འཛིན་བདག་གིས་སློབ་མ་ཆུང་ཆུང་དག་མེ་ཏོག་བཞིན་རང་གི་མིག་འོག་ཏུ་བསྲུངས་ནས་ལྟ་སྐྱོང་ཡག་པོ་མ་བྱས་ཚེ། སློབ་མ་རྩེད་མོ་རྩེ་སྐབས་རྨས་སྐྱོན་ཕོག་སྟེ་ཁ་ཆག་སྣ་རལ་གྱི་མཇུག་འབྲས་ཐོན་སྲིད་ལ། རྐང་འཇབ་ལག་འཇབ་ངང་སློབ་གྲྭའི་རྒྱལ་སྒོ་ནས་གྱེས་པའི་དབང་གིས་ཕྱི་རོལ་དུ་འཕྲུལ་འཁོར་གྱིས་རྨས་སྐྱོན་བཏང་བའམ། ཡང་ན་ལམ་ངོ་མི་ཆོད་པར་བརླག་ཉེན་ཆེ་བས། འཛིན་བདག་གིས་ངེས་པར་དུ་སློབ་མའི་ཁྱད་ཆོས་ལ་གཞིགས་ནས་དེ་བསྟུན་གྱི་སློབ་གསོ་ཡག་པོ་རྒྱག་དགོས།
གཞན་ཡང་། འཛིན་བདག་གིས་སློབ་ཁང་གི་སློབ་ཁྲིད་དམ། ཡང་ན་སློབ་ཕྱིའི་བྱེད་སྒོ་སྟེ། རོལ་རྩེད་དང་། ངལ་རྩོལ། འཁྲབ་སྟོན་སོགས་ཀྱི་གོ་སྐབས་སྤྱད་ནས་སློབ་མའི་གཤིས་ཀར་རྒྱུས་མངའ་ལོན་པར་བྱེད་དགོས། དེ་ཡང་། སློབ་མ་གང་ཞིག་སློབ་སྦྱོང་ལ་བརྩོན་སེམས་ཆེ་བ་དང་། གང་ཞིག་ངལ་རྩོལ་ལ་དགའ་ཞེན་ཆེ་བ། གང་ཞིག་ཐུན་མོང་གི་ལས་ཀར་ཧུར་བརྩོན་ཆེ་བ་སོགས་དང་། སློབ་མ་གང་ཞིག་སློབ་མ་གཞན་དང་འབྲེལ་འདྲིས་མི་བྱེད་པ་དང་། གང་ཞིག་གང་བསམ་ལྷུག་གླེང་དང་གཞན་ལ་འབྲེལ་གཏུག་བྱེད་པར་དགའ་བ་སོགས་སློབ་མ་མི་འདྲ་བའི་རྒྱུད་ལ་མངའ་བའི་གཤིས་ཀ་མི་འདྲ་བ་དག་ལ་འཛིན་བདག་གིས་རྒྱུས་མངའ་ལོན་གང་ཐུབ་བྱེད་དགོས། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་བྱེད་རིང་། ཉམས་ཆུང་ཞིང་སྨྲ་བ་ཉུང་བའི་སློབ་མ་དེ་ཚོར་སྐུལ་ལྕག་གང་མང་བྱས་ཏེ། ཁོང་ཚོའི་བསམ་བློའི་གནོན་ཤུགས་མེད་པར་བཟོ་རོགས་བྱས་ནས། འཛིན་གྲྭ་ཐུན་མོང་གི་བྱེད་སྒོར་ཞུགས་སུ་བཅུག་སྟེ་ཐུན་མོང་གི་དྲོ་སྐྱིད་ཚོར་དུ་འཇུག་དགོས། ཁྱིམ་ཚང་གི་འབྱོར་འཁོས་ཞན་པའི་སློབ་མ་ཞིག་ཡིན་ཚེ། བརྩེ་བ་ཟབ་མོ་དང་། ངང་རྒྱུད་རིང་པོ། སེམས་རྩ་འཁོལ་པོས་རོགས་རམ་བྱས་ཏེ། སློབ་སྦྱོང་དང་། འཚོ་བ། དཔལ་འབྱོར་བཅས་ཀྱི་ཐད་འཛིན་གྲྭ་ཐུན་མོང་གིས་དོ་ཁུར་བྱེད་ལུགས་ཚོར་བར་བྱེད་དགོས། རང་ཤེད་ཚ་ཞིང་གཤིས་ཀ་གྱོང་བའི་སློབ་མ་ཞིག་ཡིན་ཚེ། འཛིན་བདག་གིས་རང་དཔེ་གཞན་སྟོན་དང་། གནས་ལུགས་རྒྱུ་མཚན་དྲངས་ནས་ཁོ་ཚོའི་སེམས་ཀྱི་ཞིང་སར་ཡ་རབས་དང་མཐུན་སྒྲིལ་གྱི་ས་བོན་འདེབས་དགོས།
གཉིས་པ། དགེ་རྒན་དང་ཁྱིམ་བདག་ཕན་ཚུན་གཞོགས་འདེགས་ཡག་པོ་བྱེད་དགོས།
ཁྱིམ་ཚང་ནི་ཕྲུ་གུའི་སློབ་གྲྭ་དང་པོ་དང་། ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་དང་པོ་ཡིན་པས། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྱིམ་ཚང་དང་ཁ་འབྲལ་ཐབས་མེད། དེས་ན། སློབ་ཆུང་འཛིན་བདག་གིས་སློབ་མ་ཡང་དག་པའི་ལམ་དུ་ཁྲིད་སྐབས། རང་གཅིག་པུའི་ནུས་པ་ཁོ་ནར་མ་བརྟེན་པར་ཁྱིམ་ཚང་དང་ཁྱིམ་བདག་གི་གཞོགས་འདེགས་ཐོབ་ཐབས་བྱེད་དགོས། གང་ལགས་ཤེ་ན། དེང་གི་དུས་སུ་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་སྤྱི་ཚོགས་ཀྱི་འཚོ་བའི་སྣང་ཚུལ་མང་པོས་སློབ་མའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་སླ་པོ་ཡོད། གནད་དོན་དེ་རིགས་ཀྱིས་སྐབས་འགར་ན་སོ་དར་ལ་མ་བབས་པའི་སློབ་མའི་སེམས་ལ་ཤུགས་རྐྱེན་ངན་པ་ཐེབས་ནས། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགོག་རྐྱེན་བཟོ་སྲིད། གནས་ཚུལ་དེ་ལྟ་བུར་འཛིན་བདག་གཅིག་པུར་བརྟེན་ན་ཐག་གཅོད་གནད་འཕིགས་ཤིག་འབྱུང་དཀའ་བས། ངེས་པར་དུ་ཁྱིམ་བདག་གི་རྒྱབ་སྐྱོར་ཐོབ་ཐབས་བྱེད་དགོས་ཤིང་། ཕྱོགས་མང་པོའི་ཐུན་མོང་སྟོབས་ཤུགས་ཕྱར་བ་གྲུ་འདེགས་བྱས་ནས་སློབ་མའི་ལུས་སེམས་བདེ་ཐང་དང་། ཁོང་ཚོར་རིག་པ་གཞོན་དུས་ནས་སློབ་གྲྭའི་དགའ་ཚལ་དུ་ཤེས་རིག་གི་སྦྲང་རྩི་འཐུ་བའི་གོམས་གཤིས་འཇགས་པར་བྱེད་དགོས།
གསུམ་པ། ཐབས་ཤེས་ཟུང་འབྲེལ་གྱིས་སློབ་མར་གདེང་འཇོག་ཚད་རན་པོ་བྱེད་དགོས།
ཁ་རྒྱུན་དུ། ཤ་ཚའི་ཁ་ལ་གཏམ་སྙན་མེད་ཅེས་ཟེར་ཡང་། ལུས་སེམས་གཉིས་ཀ་འཚར་ལོངས་ཡོང་བཞིན་པའི་སློབ་ཆུང་སློབ་མར་ཤ་ཚའི་ཁ་ལ་གཏམ་སྙན་མེད་ཅེས་པའི་གཏམ་དཔེ་འདི་ཁྱེར་ནས། གཏམ་ངན་འབའ་ཞིག་སྤྱད་ནས་སློབ་གསོ་བརྒྱབ་ན་དེ་ལ་ཕན་འབྲས་བཟང་པོ་ཞིག་ཐོན་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སློབ་མས་དགེ་རྒན་ལ་སུན་སྣང་སྐྱེ་བ་དང་། སློབ་སྦྱོང་ལ་ཡི་མུག་པའི་སྣང་ཚུལ་ཐོན་སྲིད། དེས་ན། ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་གྱིས་སློབ་མར་སྐྱོན་བརྗོད་ཁོ་ན་མི་བྱེད་པར་བསྔགས་བརྗོད་བྱེད་རྒྱུ་ནི་གལ་འགངས་ཧ་ཅང་ཆེ། ལྷག་པར་དུ། སློབ་ཆུང་སློབ་མ་ནི་ན་ཚོད་ཕྲ་བས་གཟི་བརྗིད་དང་སྔོན་ཐོན་བརྩོན་ལེན་བྱེད་པར་སྤྲོ་ཞིང་། བསྔགས་བརྗོད་ཀྱི་གཏམ་ལ་དགའ་བའི་ཁྱད་ཆོས་ལྡན་ཡོད། དེས་ན། དགེ་རྒན་གྱི་བསྔགས་བརྗོད་དང་སྐུལ་ལྕག་གི་གཏམ་ནི་ཁོང་ཚོའི་ངོས་ནས་བརྗོད་ན། གཟི་བརྗིད་དང་མཚན་སྙན་ཆེན་པོ་ཞིག་ཡིན་པ་མ་ཟད། བསྔགས་བརྗོད་དང་སྐུལ་ལྕག་གི་གཏམ་དེ་དག་གིས་ཁོང་ཚོར་ཡར་བརྩོན་གྱི་བསམ་པ་སྐྱེ་སྲིད།
དེ་བཞིན་དུ་སློབ་ཆུང་སློབ་མའི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས། བསམ་བློ་ཀུན་སྤྱོད། སློབ་སྦྱོང་གི་རྨང་གཞི་སོགས་གྲིས་གཏུབས་པ་བཞིན་གཅིག་པ་མ་ཡིན་པར་མཛུབ་མོ་ལྔ་བཞིན་རིང་ཐུང་ཡོད་པ་ཤ་སྟག་ཡིན་པས། འཛིན་བདག་གིས་ཡུག་གཅིག་ཏུ་བསྔགས་བརྗོད་སྟབས་བདེ་ཞིག་བྱེད་པའམ། ཡང་ན་ཁྱོན་ཡོངས་ལ་སྐྱོན་བརྗོད་དྲག་པོ་བྱེད་པ་སོགས་ཐབས་ལ་མི་མཁས་པའི་སྐྱོན་བརྗོད་བྱ་མི་ཉན། འཛིན་བདག་གིས་སློབ་མའི་རང་གཤིས་ལ་བརྩི་འཇོག་དང་། སློབ་མ་ཕན་ཚུན་དབར་གྱི་ཁྱད་པར་ལ་ཡང་དག་པའི་ལྟ་ཚུལ་བཟུང་ནས། བསྔགས་བརྗོད་མང་ཙམ་བྱེད་དགོས་ཤིང་། ནོར་འཁྲུལ་ཡོ་བསྲང་གཏན་ནས་མི་བྱེད་པའི་རིགས་ལའང་སྐྱོན་བརྗོད་འོས་འཚམ་བྱེད་དགོས་པ་ལས། ཚད་ལས་བརྒལ་བའི་སྐྱོན་བརྗོད་བྱེད་མི་འོས་པར་སློབ་མར་ནོར་འཁྲུལ་ཡོ་བསྲང་བྱེད་པའི་གོ་སྐབས་དང་ཆ་རྐྱེན་སྐྲུན་དགོས།
མདོར་ན། དགེ་རྒན་བཟང་པོ་ནི་དཔག་བསམ་ཤིང་དང་འདྲ་བས། འཛིན་བདག་གིས་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་བསམ་པ་བཅངས་ནས་རང་དཔེ་གཞན་སྟོན་གྱིས་སློབ་མ་གསོ་སྐྱོང་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་བས་སློབ་ཆུང་གི་འཛིན་བདག་ཅིག་ཡིན་ཚེ། དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་དེ་བས་ལྕི་ཞིང་། སློབ་མའི་སློབ་སྦྱོང་ཙམ་མ་ཡིན་པར་བསམ་སྤྱོད་གཉིས་ཀར་དོ་སྣང་མང་ཙམ་བྱེད་དགོས།
(རྒྱལ་རྩེ་རྫོང་མཁར་སྟོད་ཤང་སློབ་ཆུང་གི་དགེ་རྒན་ལྷག་དོན)