དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • བོད་འགྱུར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་དཔེ་ཚོགས་ལས《ཐང་གི་སྙན་ངག་སུམ་བརྒྱ་བ》ཞེས་པའི་ཡིག་སྒྱུར་ཐབས་ལམ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཉི་མ་ཚེ་རིང་།   |     སྤེལ་དུས།  2024-07-15

    ཆུ་བུར་མིག་གི་མཐོང་ཆོས་སུ་སྣང་བའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསུང་རབ་ 《ཐང་གི་སྙན་ངག་སུམ་བརྒྱ་བ》ཅེས་པ་ནི་སྤྱི་ལོ་1763ལོར་ཧེང་ཐང་ཐུད་ཧྲིས (蘅塘退士) ཀྱིས་རྩོམ་སྒྲིག་མཛད་པ་ཞིག་ཡིན་པ་དང་། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་དུ་གནས་བབ་མཐོ་པོ་བཟུང་ཡོད་པའི་གསུང་རབ་ཅིག་ཡིན། སྔོན་བྱོན་གྱི་མེས་པོས《ཐང་གི་སྙན་ངག་སུམ་བརྒྱ་བ》ལན་བརྒྱར་བཀླགས་ནས་གོམས་འདྲིས་ཆགས་ན། སྙན་ངག་གི་ནང་དོན་ལ་རིམ་བཞིན་གོ་བ་ལེན་ཐུབ་པ་དང་། སྙན་ངག་གི་སྐད་ཆའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ཏེ། རང་ཉིད་ཀྱིས་ཀྱང་སྙན་ངག་འབྲི་ཤེས་ཞེས་བརྗོད་མྱོང་། རྒྱལ་ཁབ་ཕྱི་ནང་དུ་གསུང་རབ་དེ་ས་གྲགས་གནམ་གྲགས་ཤིག་ཡིན་སྟབས། ཡིག་རིགས་མི་འདྲ་བ་མང་པོར་བསྒྱུར་དང་སྒྱུར་མུས་ཡིན། རང་ཅག་བོད་ལ་མཚོན་ན། རྒན་མགོ་ལོག་རྣམ་རྒྱལ་གྱི་འགྱུར་མ་དེ་ཀློག་པ་པོའི་དཔུང་སྡེའི་ཁྲོད་དུ་སྐད་གྲགས་ཆེ་བའི་གྲས་ཤིག་ཡིན་པ་དང་། པར་གཞི་དང་པོ་བསྒྲིགས་རྗེས་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་ཅིང་ཁྲོམ་རའི་ཐོག་དགོས་མཁོ་ཤིན་ཏུ་ཆེ་སྟབས། ད་བར་དཔར་ཐེངས་ལྔ་ཙམ་བརྒྱབ་ཡོད་པར་སྣང་། མིག་སྔར་ལོ་ཙཱ་བ་མི་ཉུང་བ་ཞིག་གིས་ཁོང་གི་འགྱུར་མ་དེར་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་རང་གི་ལྟ་བ་མཚོན་པའི་དཔྱད་རྩོམ་སྤེལ་བཞིན་མཆིས། 

    དང་པོ། ངང་ཚུལ་སྟོན་པའི་རྒྱན་ཚིག་འོས་འཚམ་བཀོལ་བ། 

    འགྱུར་མའི་སྤུས་ཚད་རབ་ཀྱི་ཚད་གཞི་གང་འདྲ་ཞིག་ལ་གོ་དགོས་ཞེ་ན 《སློབ་ཆེན་རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན》ཞེས་པའི་ཁྲོད་དུ། ཐོག་མ་བསྒྱུར་བྱ་མ་ཡིག་གི་དོན་ལ་ཆད་ལྷག་མེད་ཅིང་། འགྱུར་མ་ཀློག་པའི་ཚེ་མ་ཡིག་བཀླགས་པ་ལྟར་དུ་དོན་རྣམས་གཅིག་ཏུ་སྣང་བ་ཞིག་དགོས་ལ། ཀློག་པ་པོ་ཀུན་གྱི་བློ་ངོར་ཐུན་མོང་དུ་མ་ཡིག་གི་དོན་དངོས་ཡིན་པ་ལྟར་དུ་གྲགས་པ་དང་། རྗོད་བྱེད་ཚིག་གི་ཆ་ནས་ཀྱང་མ་བུ་གཉིས་ཀའི་ཁྱད་ཆོས་གཅིག་ཏུ་འདུས་ཤིང་། རྗོད་བདེ་བ་དང་སྙན་ཞིང་འཇེབས་ལ་ཚིག་རྒྱན་གྱི་ཉམས་ཡང་དོད་དགོས་ཞེས་བཀོད་ཡོད། རྒན་མགོ་ལག་རྣམ་རྒྱལ་གྱི་འགྱུར་མའི་ཁྲོད་དུ་གོང་སྨྲོས་ཀྱི་ཁྱད་ཆོས་མང་དག་ཅིག་མཆིས་པས། འགྱུར་མའི་སྤུས་ཚད་རབ་ཀྱི་ཁོངས་སུ་གཏོགས་པ་བརྗོད་ག་ལ་དགོས། ལོ་ཙཱ་བས་ལོ་རྒྱུས་རྩོམ་ཡིག་དང་། གསར་འགྱུར་རྩོམ་ཡིག ཚན་རྩལ་རྩོམ་ཡིག གཞུང་ཡིག་རྩོམ་ཡིག སྤྱི་བསྒྲགས་རྩོམ་ཡིག་སོགས་ཡིག་སྒྱུར་བྱེད་པའི་སྐབས་སུ་ངང་ཚུལ་སྟོན་པའི་རྒྱན་ཚིག་འཕྲད་པའི་གོ་སྐབས་ཤིན་ཏུ་ཉུང་བས། གོང་གི་རྩོམ་ཡིག་དེ་དག་ནང་ངང་ཚུལ་སྟོན་པའི་རྒྱན་ཚིག་བཀོལ་སྤྱོད་དེ་ཙམ་མེད་ཀྱང་། སྙན་ངག་གི་ཡིག་སྒྱུར་དང་། བརྩམས་སྒྲུང་གི་ཡིག་སྒྱུར། ལྷུག་རྩོམ་གྱི་ཡིག་སྒྱུར་ཁྲོད་དུ་བེད་སྤྱོད་ཤིན་ཏུ་ཆེ། སྐབས་སུ་བབས་པ་སྙན་ངག་གི་ཡིག་སྒྱུར་ཁྲོད་དུ་ངང་ཚུལ་སྟོན་པའི་རྒྱན་ཚིག་ཁག་ཡག་པོ་ཞིག་བསྒྱུར་ཐུབ་ན་མ་ཡིག་གི་ཉམས་འགྱུར་ལེགས་པར་བསྟན་ཐུབ་པའི་རྨང་གཞིའི་འོག་བུ་ཡིག་དེ་རྩམ་དྲི་དང་ལྡན་པ་ཞིག་ཡོང་རྒྱུར་ཕན་པ་ཆེ། དཔེར་ན། ཡོན་ཀྲེན(元稹)གྱི་སྙན་ངག་བཞུགས་བྲང (行宫) ཞེས་པར་མཚོན་ན། མ་ཡིག་ཁྲོད་ཀྱི“寥落古行宫,官花寂寞红。” ཞེས་པ་དེ། རྒན་མགོ་ལོག་རྣམ་རྒྱལ་གྱིས་གནའ་བོའི་བཞུགས་བྲང་སྟོང་སེང་གྲང་ཤུར་རེ།། བྲང་སའི་མེ་ཏོག་དམར་པོ་འཇམ་ཐིང་ངེ་།། ཞེས་པར་བསྒྱུར་གནང་འདུག དེ་མིན་ཀྲུའུ་ཆིང་ཡུས(朱庆馀)གྱི་སྙན་ངག་ཕོ་བྲང་གི་ཚིག (官词) ཅེས་པར་མཚོན་ན། མ་ཡིག་ཁྲོད་ཀྱི“寂寂花时闭院门,美人相并立琼轩。” ཞེས་པ་དེ། རྒན་མགོ་ལོག་རྣམ་རྒྱལ་གྱིས་མེ་ཏོག་ཚིལ་ཚིལ་སྒོ་ཆེན་དམ་དུ་གཏན།། ཁྱམས་རིང་འོག་ཏུ་མཛེས་མ་གཤིབས་ཏེ་ལངས།། ཞེས་པར་བསྒྱུར་གནང་འདུག གོང་གི་དཔེ་བརྗོད་ཁྲོད་ཀྱི་ངང་ཚུལ་སྟོན་པའི་རྒྱན་ཚིག་གྲང་ཤུར་རེ་དང་། འཇམ་ཐིང་ངེ་། ཚིལ་ཚིལ་བཅས་ཀྱིས་འགྱུར་ཧྲིལ་པོའི་སྤུས་ཚད་གོང་མཐོར་འགྲོ་རྒྱུར་ནུས་པ་མི་དམན་པ་ཞིག་ཐོན་ཡོད་པར་སྣང་། 

    གཉིས་པ། མངོན་བརྗོད་འོས་འཚམ་བཀོལ་བ། 

    དེ་ཡང་སྒྲ་ཤེས་ན་དོན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས་ཞེས་པའི་འབོད་སྲོལ་ཡོད་པ་དང་། ཚིགས་བཅད་སྙན་ངག་ཡིག་སྒྱུར་བྱེད་སྐབས་མངོན་བརྗོད་ཀྱི་ནུས་པ་གལ་ཆེ་ཚུལ་གྱི་སྐོར་ལ། རྒན་ཚེ་དབང་འཚོས་ཚིགས་བཅད་སྙན་ངག་གི་ནང་དུ་ཚིག་སྦྱོར་རྣ་བར་སྙན་པ་དང་། སྒྲ་གདངས་དྲག་ཞན་དང་འཇམ་རྩུབ། ཚིག་སྦྱོར་དོ་མཉམ་ཡོང་བ་སོགས་ཀྱི་ཐད་ལ་ནུས་པ་ཆེ་བས། ཚིགས་བཅད་སྙན་ངག་སྒྱུར་དུས་གང་ལ་གང་འཚམ་དང་དེ་ལ་དེ་བསྟུན་གྱིས་མངོན་བརྗོད་ཀྱི་རིག་པ་འདི་བེད་སྤྱད་ན་མ་ཡིག་གི་རྩོམ་ཉམས་སོར་འཇོག་བྱ་བར་ནུས་པ་བླ་ལྷག་ཏུ་འདོན་ཐུབ་ཅེས་གསུངས་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་སྙན་ངག་ལ་མིག་གི་མདའ་མོ་འཕངས་ན། རྣམ་དཔྱོད་ཀྱི་སྒོ་མོ་རབ་ཏུ་ཡངས་པའི་མཁས་དབང་རྣམ་པས་སྙན་ངག་འབྲི་སྐབས། མངོན་བརྗོད་འོས་འཚམ་བཀོལ་ཚུལ་ཁོང་རྣམ་པའི་བརྩམས་ཆོས་ཁག་ཏུ་གསལ་རྒྱུ་ཡོད། རྒན་མགོ་ལོག་རྣམ་རྒྱལ་གྱིས་མ་རྩོམ་གྱི་རྩོམ་ཉམས་བུ་ཡིག་ཁྲོད་དུ་གནས་ཕྱིར་མངོན་བརྗོད་འོས་མཚམས་བཀོལ་ཡོད་དེ། ཀྲང་ཅིའུ་ལེན(张九龄)གྱི་རྐྱེན་རྙེད་རྟོག་འཆར་སྙན་ངག་གཅིག (感遇·其一) ཅེས་པར་མཚོན་ན། མ་ཡིག་ཁྲོད་ཀྱི“ 兰叶春葳蕤,桂华秋皎洁。” ཞེས་པ་དེ། རྒན་མགོ་ལོག་རྣམ་གྱིས་བདེ་བྱེད་དུས་སུ་སྣ་མའི་འདབ་མ་རྒྱས།། འབྲས་ལྡན་ལ་ནི་དྲི་ལྡན་གཙང་ཞིང་དཀར།། ཞེས་པར་བསྒྱུར་གནང་འདུག ཡང་ཏུའུ་མོའུ(杜牧)ཡི་སྙན་ངག་ཝུའུ་ཞིན་ལ་འགྲོ་སྐབས་ལེ་ཡིའུ་དགའ་ཚལ་དུ་འགོས་པ (将赴吴兴登乐游原) ཞེས་པར་མཚོན་ན། མ་ཡིག་ཁྲོད་ཀྱི“清时有味是无能,闲爱孤云静爱僧。” ཞེས་པ་དེ། རྒན་མགོ་ལོག་རྣམ་གྱིས་ཕོངས་ཚེ་འཚོ་བ་རོ་ལྡན་ནུས་མེད་རྟགས།། ཁོམ་དུས་ཆུ་འཛིན་དབེན་ན་བཙུན་པར་དགའ།། ཞེས་མངོན་བརྗོད་ལྷན་དུ་བཅུག་ནས་བསྒྱུར་གནང་འདུག སྙན་ཞིང་འཇེབས་པའི་རྩོམ་ཡིག་ཅིག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མངོན་བརྗོད་དགོས་པ་ཆེ་བས་མངོན་བརྗོད་འོས་འཚམ་བཀོལ་ན་འགྱུར་གྱི་སྤུས་ཚད་ལ་ཕན་པ་ཆེ་བར་སྣང་།  

    གསུམ་པ། སྒྲ་སྒྱུར་གྱི་ཐབས་ལམ་འོས་འཚམ་བཀོལ་བ།  

    སྒྲ་སྒྱུར་ནི་ཡིག་སྒྱུར་གྱི་ཐབས་ལམ་ཁྲོད་དུ་བེད་སྤྱོད་ཤིན་ཏུ་ཆེ་བའི་སྒྱུར་ཐབས་ཀྱི་གྲས་ཤིག་ཡིན། ལོ་ཙཱའི་གཞུང་ལུགས《སྒྲ་སྦྱོར་བམ་གཉིས》ཀྱི་ཁྲོད་དུ་གང་གི་སྐབས་སུ་ལོ་ཙཱ་བས་སྒྲ་རང་སོར་བཞག་ནས་ཡིག་སྒྱུར་བྱེད་དགོས་ཚུལ་བསྟན་ཡོད་པ་མ་ཟད། ས་པཎ་ཀུན་དགའ་རྒྱལ་མཚན་དང་ལྕང་སྐྱ་རོལ་པའི་རྡོ་རྗེས་གཙོས་པའི་སྐྱེས་ཆེན་དམ་པ་རྣམ་པས་སྒྲ་སྒྱུར་གྱི་སྒྱུར་ཐབས་སྐོར་ལ་བཀའ་སློབ་མང་དག་ཅིག་བསྩལ་ཡོད་པ་ཡིད་བརྟན་འཕེལ་བའི་དཔྱད་གཞི་ཁག་ཏུ་གསལ། གནའ་ནས་ད་བར་ལོ་ཙཱ་བ་རྣམ་པས་སྔར་སྲོལ་ལེགས་པར་བསྐྱངས་ནས་སྒྲ་སྒྱུར་བྱེད་སྐབས་ཡོངས་སུ་རང་སོར་འཇོག་པ་དང་། ཕྱེད་དོན་སྒྱུར་ཕྱེད་སོར་འཇོག དེ་བཞིན་མིང་གཅིག་བླ་ཐབས་སུ་བསྣན་ནས་རང་སོར་འཇོག་པ་སོགས་ཀྱི་སྒྱུར་ཐབས་སྤྱད་དང་སྤྱོད་མུས་ཡིན། ལི་པའེ(李白)གྱི་སྙན་ངག་ཕན་ཚུན་རྟག་ཏུ་དྲན་པ། གཉིས།(长相思·其二) ཞེས་པའི་ནང་ནས་དུམ་བུ་ཞིག་དྲངས་ན། མ་ཡིག་ཁྲོད་ཀྱི“赵瑟初停凤凰柱,蜀琴欲奏鸳鸯弦。此曲有意无人传,愿随春风寄燕然。” ཞེས་པ་དེ། རྒན་མགོ་ལོག་རྣམ་རྒྱལ་གྱིས་ཀྲའོ་སེ་བཀྲོལ་རྗེས་ཁྱུང་གི་སྡོང་རྟ་མཐོང་།། ཧྲུའུ་ཆིན་ངང་སེར་རྒྱུད་བདུན་འཁྲོལ་བར་སེམས།། དབྱངས་འདི་དོན་དང་ལྡན་ཡང་བརྒྱུད་ཡུལ་དབེན།། དཔྱད་རླུང་དང་འགྲོགས་ཡན་རན་ལ་སྤྲིངས་ཏེ།། ཞེས་པར་བསྒྱུར་གནང་འདུག འགྱུར་མའི་ཁྲོད་ཀྱི་དང་གཉིས་ཀ་རང་རྒྱལ་གྱི་སྲོལ་རྒྱུན་གྱི་རོལ་ཆ་ཞིག་ཡིན་པ་དང་། བོད་མིའི་འཚོ་བའི་ཁྲོད་དུ་སྤྱིར་མི་སྣང་བས་སེ་དང་ཆིན་ཞེས་སྒྲ་རང་སོར་བཞག་ནས་བསྒྱུར་ཡོད་པ་དང་། 燕然ལ་མཚོན་ན་སོག་ཡུལ་དུ་ཡོད་པའི་རི་ཞིག་གི་མིང་ཡིན་སྟབས། ཡིག་སྒྱུར་བྱེད་སྐབས་ཡན་རན་ཞེས་སྒྲ་རང་སོར་བཞག་ཡོད། 

    ཡིག་སྒྱུར་ལ་བརྩམས་སྒྲུང་གི་ཡིག་སྒྱུར། ལྷུག་རྩོམ་གྱི་ཡིག་སྒྱུར། སྙན་ངག་གི་ཡིག་སྒྱུར། གཞུང་ཡིག་གི་ཡིག་སྒྱུར། ཁྲིམས་ལུགས་ཀྱི་ཡིག་སྒྱུར། ཚན་རྩལ་གྱི་ཡིག་སྒྱུར། གསར་འགྱུར་གྱི་ཡིག་སྒྱུར་སོགས་དབྱེ་བ་ཤིན་ཏུ་མང་བ་དང་། སྐབས་སུ་བབས་པ་སྙན་ངག་གི་ཡིག་སྒྱུར་དེ་རྒན་སྒྲོལ་མ་ཚེ་རིང་གི་དགོངས་པ་ལྟར་ན། ལོ་ཙཱ་བས་སླར་རྩོམ་གྱི་ཐབས་ལམ་སྤྱད་ནས་ཚིག་སྦྱོར་དང་སྡེབ་སྦྱོར། གདང་དབྱངས། རྩོམ་ལུས་ཀྱི་རྣམ་པ་སོགས་ལ་བརྟེན་ནས་མ་ཡིག་གི་གོ་དོན་དང་ཉམས་འགྱུར་ཇི་ལྟ་བ་བཞིན་མཚོན་པ་བྱེད་དགོས་ཀྱི་ཡོད་པ་རེད། ཡིག་སྒྱུར་གྱི་ཐབས་ལམ་ལ་མཚོན་ན། དོན་སྒྱུར་ཐད་སྒྱུར་སོར་འཇོག་སྒྲ། སྒྲ་དོན་འདྲེས་མའི་སྒྱུར་ཐབས་བཅས།། རྩོམ་ལུས་མི་གཅིག་སོ་སོའི་གནད།། དེ་བསྟུན་སྒྱུར་ཐབས་ཅི་བདེར་བཀོལ།། ཞེས་གསལ་བ་ཇི་བཞིན། ལོ་ཙཱ་བས་བརྩམས་ཆོས་གང་ཡང་རུང་བ་ཞིག་ཡིག་སྒྱུར་བྱེད་པའི་སྐབས་སུ་སྒྱུར་ཐབས་སྒྲ་སྒྱུར་དང་། དོན་སྒྱུར། ཐད་སྒྱུར་སོགས་ཀྱི་ཁྲོད་ནས་བསྒྱུར་བྱའི་ནང་དོན་ཁག་ལ་གཞིར་བཟུང་སྟེ་དེར་བསྟུན་གྱི་སྒྱུར་ཐབས་བེད་སྤྱོད་གཏོང་དགོས་ཀྱི་ཡོད་པ་རེད། རྒན་མགོ་ལོག་རྣམ་རྒྱལ་གྱིས《ཐང་གི་སྙན་ངག་སུམ་བརྒྱ་བ》ཅེས་པ་ཡིག་སྒྱུར་བྱེད་སྐབས་བརྗོད་བྱ་ཁག་ལ་གཞིགས་ནས་སྒྱུར་ཐབས་མི་འདྲ་བ་བཀོལ་ཡོད་པ་གོར་མ་ཆག་པས། རྩོམ་ཐུང་འདིའི་ནང་རྒན་ལགས་ཁོང་གི་ཡིག་སྒྱུར་ཐབས་ལམ་ཆུ་ཐིགས་ཙམ་མ་གཏོགས་ཚང་མ་དབྱེ་ཞིབ་བྱེད་པའི་སྤོབས་པ་མེད་ལ་བཀོད་ཀྱང་མི་ཚར།  

    མཇུག་ཏུ། ཁྲོམ་རའི་ཐོག་གསེར་ལྷད་མེད་ཅེས་འབོད་ཀྱང་། གསེར་གྱི་འདུས་ཚད་99.99%ལས་མེད་པ་ནང་བཞིན། འགྱུར་མའི་སྤུས་ཚད་རྩེར་སོན་པ་ཞིག་བྱུང་ཡང་། མ་ཡིག་དངོས་དང་བསྡུར་ན་ད་དུང་ནང་དོན་ཇི་མ་ཇི་བཞིན་མཚོན་མི་ནུས་པ་ཐར་ཐོར་ཙམ་ཞིག་ཡོང་གི་ཡོད།《ཐང་གི་སྙན་ངག་སུམ་བརྒྱ་བ》ཅེས་པའི་འགྱུར་ལ་བལྟས་ན་མ་ཡིག་གི་ཚིག་དོན་གཉིས་ཀ་སྤྱིའི་ཆ་ནས་རྒྱ་ཡིག་ནས་ཚུར་བསྒྱུར་བའི་རྗེས་ཤུལ་རབ་རིབ་ཙམ་ཞིག་ཡོད་ཀྱང་། རྒན་མགོ་ལོག་རྣམ་རྒྱལ་གྱི་བྱང་ཆུབ་པའི་ཐབས་རྩལ་འོག འགྱུར་རྩོམ་ཧྲིལ་པོ་རྩམ་དྲི་དང་ལྡན་པ་ཞིག་ཡིན་པ་སྨོས་མེད་ལགས། ཁབ་རྒྱུས་མགར་བ་དང་། ཆུ་རྒྱུས་མཉན་པ་ཟབ། ཅེས་པའི་ཁ་དཔེ་ལྟར། རྒན་མགོ་ལོག་རྣམ་རྒྱལ་ནི་ཤེས་བྱའི་ཁོ་ལག་རབ་ཏུ་རྒྱས་པའི་ལོ་ཙཱ་བ་ཞིག་ཡིན་པས། རྒྱུན་དུ་ལོ་ཙཱའི་ལག་ལེན་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། སླད་ཕྱིན་ང་ཚོ་ན་གཞོན་ཚོས་ཁོང་གི་འགྱུར་མ་ཁག་ལ་དཔེ་ཀློག་མང་ཙམ་ནས་ཡིག་སྒྱུར་གྱི་མྱོང་བ་མང་ཙམ་གསོག་འཇོག་བྱེད་དགོས་ཀྱི་ཡོད་པ་བརྗོད་ག་ལ་དགོས། 

    ( བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཉི་མ་ཚེ་རིང )

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།