དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མི་ཚེ་འཛུམ་གྱིས་བསུ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  པད་མ་དབང་ཕྱུག   |     སྤེལ་དུས།  2024-07-14

    མི་ལོ་དགུ་ནི་ཁྱོད་ཚོས་ཕུགས་བསམ་གྱི་མཁའ་དབྱིངས་སུ་ལང་ཚོའི་རྩལ་དྲུག་ངོམ་པའི་དུས་ཡིན་ལ། མི་ལོ་དགུ་ནི་ཁྱོད་ཚོས་དྲིན་ཕ་མའི་ཡིད་ཀྱི་ཞིང་སར་རེ་བའི་ས་བོན་ཡང་ཡང་འདེབས་པའི་དུས་ཡིན། མི་ལོ་དགུ་ནི་ཁྱོད་ཚོས་དགེ་སློབ་ཟུང་གི་མཛའ་གཅུགས་ཀྱི་ཨ་ལོང་ལ་བརྩེ་བའི་དར་སྐུད་ཡང་ཡང་རྒྱུད་པའི་དུས་ཡིན།

    མེ་ཏོག་སྣ་ཚོགས་ཀྱིས་མགོ་ལྕོག་ལྡེམ་ཞིང་བྱ་བྱེའུ་མང་པོས་སྐད་སྙན་སྒྲོག་ལ་རྩལ་དྲུག་གི་གཤོག་རྩལ་ངོམ་པའི་ཉམས་དགའ་བའི་དུས་བཟང་འདིར། ཁྱོད་ཚོས་ཀྱང་ལོ་དགུའི་རེ་བ་དང་ཡིད་ཆེས་ཁུར་ནས་གནས་འདི་ནས་རིང་དུ་འགྲོ་བར་རྩོམ་དགོས་ལ། དེ་ནི་མི་ཚེ་ཞེས་པའི་རིང་ལ་ཐུང་བའི་ལམ་བུ་འདིའི་འགྲུལ་བཞུད་ཀྱི་མཇུག་རྫོགས་པ་མ་ཡིན་པར་གང་ཞིག་འགོ་བརྩམས་པའི་རྟེན་འབྲེལ་ཡིན་པས། ཁྱོད་ཚོས་ཐོག་མའི་ཕུགས་འདུན་དང་དམ་བཅའ་དག་ཡིད་ལ་ཡང་ཡང་བཅངས་ནས་བརྩོན་འགྲུས་ཀྱི་སྲབ་ཁ་མ་ལྷོད་ཅིག འབྱུང་འགྱུར་ནི་ཅི་ལྟ་བུ་ཞིག་ཡིན་པ་ང་ཚོ་སུས་ཡང་སྔོན་དཔག་བྱེད་ཐབས་བྲལ་ཡང་། ཕྲད་དང་འཕྲད་བཞིན་པའི་དུས་སྐབས་རེ་རེ་དང་མི་སྣ་རེ་རེ། བྱ་གཞག་རེ་རེ་ནི་ང་ཚོས་ཡིད་ལ་ཡང་ཡང་སྒོམ་ཞིང་བརྩེ་བའི་འཛུམ་གྱིས་བསུ་ཆོག་པ་ཤ་སྟག་ཡིན་པས། ཁྱོད་ཚོས་དུས་ཚོད་ལ་དམ་འཛིན་ཡག་པོ་གྱིས་ཤིག སྤྱིར་སྤྱི་ཚོགས་ནི་སྣེ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་ཡང་ཁྱོད་ཚོས་བླང་དོར་མ་ནོར་བར་རང་རང་གི་ལམ་ཁ་དེ་རྙེད་ཐབས་བྱེད་དགོས་ཤིང་། ལམ་ཁ་དེ་རྙེད་པར་གནད་ཁ་ཤས་ཤིག་ཡོད་པར་སྣང་སྟེ། གཅིག་ནས་ཁྱོད་ཚོས་རྟག་པར་རྒན་པར་གྲོས་འདྲི་བ་དང་མཁས་པར་སློབ་སྦྱོང་བྱེད་པའི་སེམས་ཤུགས་འདོར་མི་རུང་སྟེ། དེ་ནི་རང་རང་གི་ལོ་ཚོད་དམ་ཉམས་མྱོང་གིས་རྙེད་ཐབས་བྲལ་བའི་མི་ཚེའི་ཕྱོགས་སྟོན་ཡིན་པས་གལ་ཆེན་དུ་འཛིན་དགོས། གཉིས་ནས་བྱ་བ་ལེགས་ཉེས་གང་ལ་ཕྲད་ཀྱང་ཕྱིར་རྟོག་དང་མནོ་བསམ་ཡང་ཡང་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། རང་གི་ཉམས་མྱོང་ལ་གཞི་རྐང་བཙུགས་པའི་བྱ་བར་ཕུགས་ཡོད་པས་འགངས་ཆེན་དུ་འཛིན་དགོས། གསུམ་ནས་ཁྱོད་ཚོས་མི་ཚེའི་གདམ་ག་གང་འདྲ་ཞིག་བདམས་རུང་སོ་སོའི་བློ་དང་འཚམ་པའི་དཔེ་ཀློག་གི་རྒྱུན་སྐྱོང་དགོས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཏེ། མཁས་པའི་གསུང་རབ་ཀྱི་ཁྲོད་དུ་མི་ཚེའི་གནས་ལུགས་དང་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པས་གལ་ཆེན་པོར་འཛིན་དགོས་སོ།

    མི་ལོ་དགུའི་དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་བའི་ཁྲོད་དུ་ཁྱོད་ཚོས་ཡང་ཡང་ཕྱིར་དྲན་བྱེད་ཆོག་པའི་གཏམ་རྒྱུད་མང་པོ་ཞིག་བརྩམས་ཡོད་ལ། མི་ཚེ་འདིར་ཡང་ཡང་ངོམ་སོ་བྱེད་ཆོག་པའི་གྲོགས་པོ་མང་པོ་ཞིག་དང་ཡང་ཕྲད་ཡོད་ངེས། དེ་བཞིན་དུ་མི་ཚེ་འདིའི་ལམ་སྟོན་གྱི་སྒྲོན་མེར་སྒོམ་རུང་བའི་དགེ་བའི་བཤེས་གཉེན་མང་པོ་ཞིག་དང་ཡང་མཇལ་ཡོད་ངེས། འདི་དག་ནི་མི་ལོ་དགུའི་རིང་གི་ཁྱོད་ཚོའི་ནོམ་པ་ཆེས་རྩ་ཆེན་དེ་ཡིན་སྲིད་པས། འབྱུང་འགྱུར་གྱི་འཚོ་བའི་ཁྲོད་དུ་གཏམ་རྒྱུད་དག་ལ་ཕྱིར་དྲན་བྱེད་ཅིང་། དགེ་བའི་བཤེས་གཉེན་དང་གྲོགས་པོ་དག་ལ་འབྲེལ་བ་ཡང་ཡང་བྱེད་དགོས་པ་མ་བརྗེད་པར་གྱིས་ཤིག དེ་མིན། སོ་སོའི་མི་ཚེའི་ཁྲོད་དུ་དོན་དག་བཟང་ངན་གང་ལ་ཕྲད་ཀྱང་ནམ་ཡང་འདོར་མི་རུང་བའི་མི་ཚེའི་རྩ་དོན་ཁ་ཤས་ཀྱང་ཡོད་དགོས་ཏེ། ཕ་མ་རྣམ་གཉིས་ནི་ཁྱོད་ཀྱིས་ཚེ་རབས་མང་པོར་བསགས་པའི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་ཐོབ་ཅིང་། མི་ཚེ་འདིར་ཁྱོད་ཀྱིས་ཆེས་རྩ་ཆེ་བའི་མི་སྣ་གཉིས་པོ་ཡིན་པས། དོན་དག་བཟང་ངན་གང་ལ་ཕྲད་ཀྱང་དཔྲལ་བའི་མིག་བཞིན་དུ་བརྩི་ཞིང་བཀུར་དགོས་པ་ནི་གཅིག ཕྱི་ཐག་རིང་ཞིང་བློ་ཡིད་དཀར་ལ་རང་ལ་ཤིན་ཏུ་ཕན་འདོགས་པའི་མི་ལ་སོ་སོས་ནམ་ཡང་གཙིགས་ཆེན་དུ་འཛིན་ཞིང་ཕན་གང་ཐོགས་བྱེད་དགོས་པ་ནི་གཉིས། དེ་མིན། ཕྱིས་འབྱུང་བྱ་བ་གང་ལ་འཇུག་རུང་བྱ་བའི་བརྒྱུད་རིམ་གྱི་ཁྲོད་ནས་ཉམས་མྱོང་ལེན་ཞིང་། དཀའ་སྡུག་གང་ལ་ཕྲད་ཀྱང་རང་དགར་བློས་མི་གཏོང་བར་རྒྱུན་འཁྱོངས་བྱེད་དགོས་པ་གསུམ་བཅས་ནི་རྩ་བ་ཡིན་པས་ནམ་ཡང་སེམས་ལ་འཛིན་རྒྱུ་གལ་ཆེ་བར་སྣང་།

    ད་ནི་ཁྱོད་ཚོ་གནས་འདི་ནས་བྲལ་ཏེ་སོ་སོའི་ཕུགས་བསམ་གྱི་ཆེད་དུ་ཡུལ་ལུང་མང་པོ་འགྲིམ་དགོས་ཤིང་། མི་ཡང་བཟང་ངན་ཅི་རིགས་ལ་འཕྲད་སྲིད་པས། ཁྱོད་ཚོས་བླང་དོར་མ་ནོར་བར་བྱ་བའི་གནས་ལ་འཇུག་དགོས་པ་ནི་ཤིན་ཏུ་གལ་ཆེ། ངས་འདི་ནས་སློབ་གྲོགས་ཁྱོད་ཅག་གིས་ཕུགས་བསམ་གྱི་གནས་མལ་རྙེད་ཅིང་འབྱུང་བཞི་བདེ་བའི་སྨོན་ལམ་འདེབས། ཁྱོད་ཚོས་ཕུགས་བསམ་མངོན་འགྱུར་གྱི་ཐེམ་སྐས་ལྟར་སྣང་བའི་འབྲིང་རྒྱུགས་ལས་རྣམ་པར་རྒྱལ་ཐུབ་པར་བྱས་ཏེ། སོ་སོས་ཡུན་རིང་རེ་སྙེག་བྱེད་བཞིན་པའི་གནས་མལ་དེར་བདེ་བླག་ངང་སླེབས་པའི་བཀྲ་ཤིས་སྨོན་ལམ་འདེབས།

    མདོར་ན། མི་ཚེའི་ལམ་བུའི་ཐོག་གི་གྲུབ་འབྲས་རེ་རེ་ནི་འབད་བརྩོན་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པས། ཁྱོད་ཚོས་རང་གི་ཆེས་ཐོག་མའི་ཕུགས་བསམ་དང་འདུན་མ་དག་ཡིད་ལ་བརྟན་པོར་བཅངས་ནས། དཀའ་ངལ་ཡོད་དོ་ཅོག་འཛུམ་གྱིས་བསུ་དགོས་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།