དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གཡུ་སྒྲོན།   |     སྤེལ་དུས།  2024-07-14

    ཁྱེད་ནི་ངའི་རེ་བའི་ཕུགས་བསམ་གཏོད་སའི་གསེར་མདོག་གི་ཞིང་ས་གཤིན་པོ་དེ་ཡིན་ལ། ངའི་མི་ཚེ་དབྱངས་ལ་འགུག་སའི་ཡིད་འོང་གི་བྲོ་ར་ཆེན་པོ་ཞིག་ཀྱང་ཡིན། དེ་བས་ཀྱང་། ངའི་མདུན་ལམ་འོད་དུ་སྒྲོན་སའི་འགྲན་རྩོད་ཀྱི་སྟེགས་བུ་ཆེན་པོ་ཞིག་ལགས།

    ཁྱེད་ནི་གཡུ་མདོག་གི་སྤང་ཐང་ན་སྐྱེ་འགྲོའི་ཡིད་ཀྱི་དང་བ་འདྲེན་པའི་ཡིད་འོང་གི་མེ་ཏོག་སེར་ཆེན་དེ་ཡིན་ལ། མུན་ནག་གི་མཚན་མོ་འོད་ཀྱིས་བརྒྱན་པར་མཛད་མཁན་གྱི་རྒྱུ་སྐར་གྱི་རྒྱལ་པོ་དེའང་ཡིན། དེ་བས་ཀྱང་། ཤེས་རིག་གི་ལྡིང་ཁང་དུ་སྐལ་ལྡན་ལ་ཁ་ཕྱོགས་སྟོན་མཁན་གྱི་ཕྱོགས་སྟོན་འཁོར་ལོ་དེའང་ཡིན། ཁྱེད་ཡོད་པས་སྒྲུང་གཏམ་གྱི་རི་གྲོང་ཉུལ་དུས་ང་རང་ལམ་ནོར་ཐེབས་མ་མྱོང་ལ། སྙན་ངག་གི་ཁུར་པོ་ཁུར་དུས་ངལ་དུབ་ཀྱིས་མནར་མ་མྱོང་།

    ཁྱེད་ནི་ངས་འཚོལ་བཞིན་པའི་མཐའ་ཡས་པའི་ནམ་མཁའ་དེ་ཡིན་ལ། ཐོབ་འདོད་པའི་ཁོད་ཡངས་ཀྱི་རྩྭ་ཐང་དེའང་ཡིན། ཁྱེད་ཀྱི་ཁོད་ཡངས་པའི་བར་མཐོངས་དེ་དག་ཡོད་པས། ཅི་ཞིག་མཐོང་འདོད་ཀྱི་ངའི་མིག་རྒྱང་རིང་པོར་གཏད་ཐུབ་སོང་ལ། གང་ཞིག་ཐོས་འདོད་ཀྱི་རྣ་བ་ཕྱི་རུ་བླགས་ཐུབ་སོང་། དེ་བས་ཀྱང་། ངའི་གུ་དོག་པའི་སེམས་ཀྱི་སྒོ་མོའང་དལ་གྱིས་འབྱེད་ཐུབ་སོང་།

    ཁྱེད་ནི་ངས་ལྟ་འདོད་ཧ་ཅང་ཆེ་བའི་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་དེ་ཡིན་ལ། ད་བར་དུ་འབྲི་མི་ཐུབ་པའི་སེམས་ཀྱི་བརྗོད་བྱ་དེ་ཡང་ཡིན། ཁྱེད་ཡོད་པས་ངའི་དཔེ་ཀློག་གི་བགྲོད་ལམ་དུས་ནམ་ཡིན་ཡང་འགག་མི་སྲིད་ལ། འཆར་ཡན་གྱི་མཛེས་སྡུག་དང་འོད་མདངས་དུས་གཏན་དུ་ཉམས་མི་སྲིད།

    ཁྱེད་ཀྱི་ཐུ་འོག་ནས་ངས་དྲན་གདུང་ཡོད་དོ་ཅོག་སྙན་ངག་ལ་བཅོལ་ནས་རྒྱང་རིང་དུ་སྐུར་ཆོག་ལ། གསང་བ་གླུ་ཚིག་ལ་ཕབ་ནས་ལྷང་ལྷང་དུ་ལེན་ཆོག དེ་བས་ཀྱང་། སྐྱོ་བ་རེ་སྒུག་ཏུ་བསྒོམས་ནས་ནང་སེམས་སུ་ཉར་ཆོག་པས། ཁྱེད་ནི་ང་ལ་མཚོན་ན་གསེར་སྲང་སྟོང་ཕྲག་གིས་ཀྱང་ཉོ་ཐབས་བྲལ་བའི་རིན་བྲལ་གྱི་ནོར་བུ་རྡོག་པོ་ཞིག་ཡིན།

    ཁྱེད་ཀྱི་པང་ཁར་ང་ནི་སྒྲོག་ལས་ཤོར་བའི་རྟ་རྒོད་བཞིན་འདུར་རྒྱུག་བྱས་ཆོག་ལ། རགས་ལས་ཤོར་བའི་ཆུ་བོ་བཞིན་གང་སར་བཞུར་ཆོག དེ་བས་ཀྱང་། གཟེབ་ལས་ཐར་བའི་བྱེའུ་ཆུང་བཞིན་རང་དགར་འཕུར་ཆོག་པས། ང་ལ་མཚོན་ན་ཁྱེད་ནི་ཡིད་དུ་འོང་བའི་རང་དབང་གི་འཇིག་རྟེན་ཞིག་ཡིན།

    ཁྱེད་ཀྱི་གམ་ནས་ངས་སྦྲང་དཀར་རྩམ་པའི་རིན་ཐང་རྟོགས་ཐུབ་བྱུང་ལ། བདུད་རྩི་ཆང་གི་རོ་བཅུད་མྱོང་སྐལ་ཐོབ། ད་དུང་། ཁྱེད་ཀྱིས་གས་ཆག་ཤོར་བའི་ངའི་སེམས་པར་བྱི་དོར་བྱས་ནས་ངའི་ཁེར་རྐྱང་གི་འཚོ་བར་ཁ་དོག་གསར་པ་བསྣན་པར་མ་ཟད། སྡུག་བསྔལ་ཡོད་ཚད་གཙང་པོའི་ཕ་མཐར་བསྐྲད་ནས་སྐྱོ་གདུང་གིས་གཏམས་པའི་ངའི་ནང་སེམས་ལ་རེ་བའི་མེ་སོན་གནང་བྱུང་།

    ངའི་མདུན་སྐྱོད་ཀྱི་བགྲོད་ལམ་དུ། ཁྱེད་ཀྱིས་ང་ལ་གནང་བ་ནི་རྡོ་བརྐོས་རི་མོ་བཞིན་དཔར་དུ་མེད་ཀྱང་། ཁྱེད་ལས་ཐོབ་པ་ཡོད་ཚད་ཟུངས་ཁྲག་བཞིན་ངའི་ཤ་དང་རུས་པའི་གཏིང་ལ་སིམ་ཡོད། ད་དུང་། འགྲན་རྩོད་ཀྱིས་ང་རང་བཙིར་ཏེ་འཚོ་བའི་ཟུར་དུ་བཀྱེད་དུས། ཁྱེད་ཀྱིས་ང་ལ་གནང་བ་ནི་ཁོད་ཡངས་པའི་ཐང་ཆེན་དེ་ཡིན། དེ་བས་ཁྱེད་ཡོད་པས། ངའི་མདུན་སྐྱོད་ཀྱི་བགྲོད་ལམ་ལ་རྒྱབ་རྟེན་ཡོད་ལ། ངའི་ནར་སོན་གྱི་ལོ་ཟླར་དྲན་གསོའི་ཕྱི་མིག་འཕེན་ཡུལ་ཡོད་པར་གྱུར།

    ཁྱེད་ཀྱི་གདོང་གི་གཉེར་མ་རེ་རེ་ལས། ངས་ཁྱེད་ཀྱི་འཚོ་བའི་རྣམ་ཐར་ཀློག་ཐུབ་ལ། ཁྱེད་ཀྱི་ལག་པའི་ཕྱི་ནང་ལས་ངས་ཁྱེད་ཀྱིས་བརྒྱུད་མྱོང་བའི་ལོ་ཟླའི་བཤུལ་ལམ་མཐོང་ཐུབ། དེ་བས། ངའི་སེམས་ཀྱི་ཚོར་འདུ་ཡོད་ཚད་དུས་ནམ་ཡིན་ཡང་ཁྱེད་ཀྱི་ཁོད་ཡངས་པའི་བྲང་གཞུང་དུ་གཏོར་འདོད་ལ། མི་ཚེའི་ཁ་ཕྱོགས་ཀྱང་ཁྱེད་དང་སྦྲེལ་ནས་མ་འོངས་པའི་མདུན་ལྗོངས་གསར་པ་ཞིག་ལ་ངང་སྒུག་བྱེད་འདོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།