དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕག་རིར་ཆགས་པའི་སེམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-14

    ཕག་རི་ཕག་རི་མ་གསུངས། །

    ལྷོ་འབྲས་ཟ་འདོད་ལངས་བྱུང་། །

    ཕག་རིའི་གནས་མོ་ཨོ་ཤེ །

    གཤོར་ཁ་མཐོ་ཙམ་རྒྱག་རོགས། །

    ཕག་རི་བསམས་ནས་མ་ཡོང་། །

    ཇོ་མོ་བསམས་ནས་ཡོང་ཡོད། །

    བདག་ལ་ཨ་མ་ཇོ་མོས། །

    ལུང་བསྟན་གནང་རོགས་གནང་དང་། །

    དབྱར་ཁ་སྤང་ལྗོངས་སྐྱིད་པ། །

    ཕག་རི་ཉོས་ན་བསམས་བྱུང་། །

    དགུན་ཁ་གངས་ལྷགས་སྡང་བ། །

    ཕག་རི་བཙོངས་ན་བསམས་བྱུང་། །

    ཕག་རི་སྤང་རྩྭ་ཡག་ལ། །

    འབྲི་གཡག་ཤ་ཤེད་བཟང་བ། །

    འབྲོག་མོ་ཟླ་བ་གཡང་འཛོམས། །

    དཀར་ཆུའི་ལས་ལ་འཇོན་པ། །

    ཕག་རིར་ཡོང་འབབ་མཐོ་བ། །

    མི་ཚེ་སྐྱེལ་སའི་གནས་རེད། །

    ཨོ་ལོ་པ་སྣམ་གཞུང་དུ། །

    ཆང་ས་རྒྱག་པ་སྔ་སོང་། །

    དབྱར་གསུམ་ཕག་རིའི་གཞུང་དུ། །

    ཨར་པོ་བརྒྱབ་ནས་བསྡད་ཡོད། །

    ནམ་གཞུག་སྟོན་ཁ་ཟིན་སོང་། །

    ལོ་ཏོག་བརྔ་ལ་རན་སོང་། །

    ལག་ཐོགས་ཁ་པར་ནང་ནས། །

    མཛའ་མོས་ལོག་ཤོག་ཟེར་གྱིས། །

    ཕག་རི་ག་ལེར་བཞུགས་རོགས། །

    དུས་སང་དཔྱིད་ཀ་མཇལ་ཡོང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།