འཕྲིན་གསར་གྱི་སྒྱུར་ཐབས་སྐོར་རགས་ཙམ་གླེང་བ།
གསར་འགྱུར་གྱི་གོ་དོན་འཇོག་སྟངས་ལ་སྒྲ་ཡངས་དོག་གཉིས་ཡོད་པ་ལས། འདིར་བརྗོད་པའི་འཕྲིན་གསར་ནི་སྒྲ་དོག་འཇུག་སྐབས་ཀྱི་གསར་འགྱུར་ལ་གོ འཕྲིན་གསར་ནི་གསར་འགྱུར་གྱི་རྩོམ་ལུས་ཇི་སྙེད་ཅིག་ཡོད་པའི་ནང་ནས་ཆེས་དཔེ་མཚོན་ལྡན་པ་དང་ཆེས་རྩ་བར་གྱུར་པའི་རྩོམ་ལུས་ཤིག་རེད།
དེའང་ཚིག་སྦྱོར་བསྡུས་ཤིང་ཁ་གསལ་གོ་བདེའི་ལམ་ནས་གསར་དུ་ཐོན་པའི་གནས་ཚུལ་ཞིག་རྩོམ་འབྲིའམ་གཏོང་སྤེལ་བྱས་པའི་གསར་འགྱུར་གྱི་རྩོམ་ལུས་བྱེ་བྲག་ཅིག་ལ་འཕྲིན་གསར་ཟེར་ཞིང་། ཚགས་པར་དང་། བརྙན་འཕྲིན། རླུང་འཕྲིན། དྲ་རྒྱ་བཅས་སུ་ཐོན་མང་ཤོས་ཀྱི་གསར་འགྱུར་གྱི་རྩོམ་ལུས་ཤིག་ལགས།
བོད་ཡིག་གསར་འགྱུར་སྤྱི་ལ་མཚོན་ན། གསར་འགྱུར་ཕལ་མོ་ཆེ་ནི་སྐད་གཉིས་སྨྲ་བ་རྣམས་ཀྱི་བྱེད་རྩོལ་ལ་བརྟེན་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དང་སྙན་ལམ་དུ་འབུལ་བཞིན་ཡོད་པས། གསར་འགྱུར་གྱི་ནུས་པ་ཡོངས་སུ་རྫོགས་པ་ཐོན་མིན་དེ་ཡིག་སྒྱུར་གྱི་སྤུས་ཚད་ལེགས་ཉེས་དང་འབྲེལ་བ་ཐད་ཀར་ཡོད། ཡང་སྒོས་སུ་འཕྲིན་གསར་རྩོམ་ཡིག་ལ་མཚོན་ན། གཙོ་བོ་དོན་བརྗོད་ཀྱི་ལམ་ནས་གསར་འགྱུར་གྱི་ནང་དོན་གཙོ་བོ་དེ་ཚིག་བསྡུས་གོ་བདེའི་ལམ་ནས་ཐད་ཀ་ཐད་སོར་མཚོན་པར་བྱེད་ཀྱི་ཡོད་པས། བུ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་ཀྱང་ཚིག་བསྡུས་གོ་བདེ་ཞིག་ཡོང་བར་འབད་དགོས་པ་ནི་གནད་ཀྱི་དམ་པའོ།
དང་པོ། འཕྲིན་གསར་སྤྱིར་བཤད་པ།
གསར་འགྱུར་ལ་སྒྲ་ཡངས་དོག་གི་གོ་དོན་གཉིས་ཡོད་པ་ལས། སྒྲ་ཡངས་འཇུག་གི་གསར་འགྱུར་ལ་འཕྲིན་ཐུང་། བསྡུས་དོན། ཆེད་བྲིས་གནས་ཚུལ། བརྟག་དཔྱད་སྙན་ཞུ། གསར་འགྱུར་དཔྱད་གཏམ། གསར་འགྱུར་པར་རིས་བཅས་ཚུད་ཡོད་པས་གསར་འགྱུར་རྩོམ་ལུས་སྣ་ཚོགས་ཀྱི་སྤྱི་མིང་ཞིག་ཏུ་འདོད། སྒྲ་དོག་འཇུག་གི་གསར་འགྱུར་ནི་འཕྲིན་གསར་རམ་འཕྲིན་ཐུང་ཁོ་ནར་བསྟན་པ་ཡིན་ལ་འདིར་གླེང་བར་བྱ་བ་ཡང་དེ་ཉིད་དོ།
གསར་འགྱུར་གྱི་བརྗོད་བྱའི་ནང་དོན་དེ་རྗོད་བྱེད་ཚིག་གི་ཕྲེང་བར་སྤེལ་སྐབས། རྩོམ་གྱི་འགོ་མཇུག་བར་གྱི་འཇོག་སྟངས་ཀྱི་ཕྱིའི་ལུས་ཀྱི་རྣམ་པ་གྲུབ་ཚུལ་དེར་འཕྲིན་གསར་གྱི་ལུས་སམ་ཕྱིའི་སྒྲིག་གཞི་ཞེས་འབོད་ཅིང་། གསར་འགྱུར་གྱི་ཁ་བྱང་དང་། གསར་འགྱུར་གྱི་ཡོང་ཁུངས། གླེང་གཞི། དངོས་གཞི། རྒྱབ་ལྗོངས། མཇུག་བསྡུ་བཅས་ནང་དོན་དྲུག་གིས་འཕྲིན་གསར་རྩོམ་ཡིག་གི་ལུས་ཆ་ཚང་ཞིག་གྲུབ།
གཉིས་པ། འཕྲིན་གསར་གྱི་བྱེ་བྲག་གྲུབ་ཆ་ཁག་གི་མཚམས་སྦྱོར་དང་སྒྱུར་སྟངས་ངོ་སྤྲོད།
གཅིག འཕྲིན་གསར་གྱི་ཁ་བྱང་དང་ཁ་བྱང་སྒྱུར་སྟངས།
འཕྲིན་གསར་གྱི་ཁ་བྱང་ནི་གསར་འགྱུར་གྱི་རྩོམ་ལུས་སྤྱི་ཡོངས་ཀྱི་ཁ་བྱང་དང་འདྲ་བར་གལ་ཆེན་པོ་ཞིག་སྟེ། དེ་དག་གིས་གསར་འགྱུར་གྱི་ནང་དོན་གཙོ་བོ་དང་མཚོན་དོན་དངོས་གསལ་པོར་མཚོན་པར་བྱེད། ཁ་བྱང་ནི་གསར་འགྱུར་རྩོམ་ཡིག་གི་མིག་ལྟ་བུ་ཡིན་ཞེས་ཀུན་གྱིས་བརྗོད་པ་ལྟར། ཁ་བྱང་ཚད་ལྡན་ཞིག་ཡིན་ཕྱིན། ཀློག་པ་པོས་ཁ་བྱང་ལ་བལྟས་པ་ཙམ་གྱིས་གསར་འགྱུར་གྱི་ནང་དོན་གཙོ་བོའམ་གསར་འགྱུར་གྱི་སྤྱི་ཁོག་རགས་ཙམ་ཤེས་ཐུབ། ཕྱོགས་གཞན་ཞིག་ནས་བལྟས་ན། འཕྲིན་གསར་གྱི་ཁ་བྱང་ནི་གསར་འགྱུར་རྩོམ་ལུས་གཞན་གྱི་ཁ་བྱང་དང་མི་འདྲ་ལ། དེ་བས་སྒྱུ་རྩལ་རྩོམ་རིག་གི་ཁ་བྱང་དང་དེ་བས་མི་འདྲ། འཕྲིན་གསར་རྩོམ་ཡིག་གི་ཁ་བྱང་གི་ཁྱད་ཆོས་གཙོ་བོ་ཞིག་ནི་གསར་འགྱུར་གྱི་རིན་ཐང་ལྡན་པའི་གནས་ཚུལ་ཞིག་ཁ་གསལ་གོ་བདེའི་ལམ་ནས་ཀློག་པ་པོར་ངོ་སྤྲོད་བྱས་པ་དང་ཀློག་པ་པོས་ཀྱང་ཁ་བྱང་ལ་བལྟས་པ་ཙམ་གྱིས་གསར་འགྱུར་གྱི་ནང་དོན་རགས་ཙམ་ཤེས་ཐུབ་ཀྱི་ཡོད། དེས་ན་འཕྲིན་གསར་གྱི་ཁ་བྱང་ཕབ་སྒྱུར་ལེགས་པོ་ཞིག་བྱུང་ན་ད་གཟོད་འགྱུར་ཡིག་ཀློག་པ་པོའི་ཡིད་དབང་འགུགས་ཐུབ་པ་མ་ཟད། ཁ་བྱང་ལ་བལྟས་པ་ཙམ་གྱིས་གསར་འགྱུར་རྩོམ་ཡིག་ཧྲིལ་པོའི་གོ་དོན་རགས་ཙམ་རྟོགས་ཐུབ་པ་ཡིན།
གཞུང་ལས། སྒྲ་སྒྱུར་དང་། དོན་སྒྱུར། ཐད་སྒྱུར། ཐད་ལོག་སྒྱུར་བཅས་བསྒྱུར་ཐབས་དམ་པ་བཞི་བསྟན་ཡོད། འདིར་ཁོ་བོས་འཕྲིན་གསར་གྱི་ཁ་བྱང་སྒྱུར་བའི་ཚེ་ན། དོན་སྒྱུར་གྱི་ཁོངས་སུ་བསྡུ་རུང་བའི་རྩོམ་སྒྱུར་གྱི་སྒྱུར་ཐབས་ངོ་སྤྲོད་ཅུང་ཟད་བྱེད་འདོད། རྩོམ་སྒྱུར་ཞེས་པ་ནི་གཅིག་ནས་སྐད་རིགས་ཤིག་གི་གསར་འགྱུར་ཁ་བྱང་གི་ནང་དོན་དེ་སྐད་རིགས་གཞན་ཞིག་ཏུ་སྒྱུར་བའི་རྩོལ་བ་དང་། གཉིས་ནས་བུ་ཡིག་ཀློག་པ་པོའི་རིག་གནས་རྒྱབ་ལྗོངས་དང་ལྟ་ཀློག་གི་གོམས་གཤིས་ལ་གཞིགས་ནས་འགྱུར་ལྡོག་དང་བསྐྱར་འབྲི་སྟེ་རྩོམ་སྒྲིག་འོས་འཚམ་བྱེད་པ་ཞིག་ལ་གོ
དཔེར་ན། 拉萨市推动零散务工人员实现稳定就业ལྟ་བུའི་ཁ་བྱང་ལ་མཚོན་ན། “ལྷ་ས་གྲོང་ཁྱེར་གྱིས་ལས་འཚོལ་གླ་པ་ཐར་ཐོར་ཚད་ལྡན་ཅན་གྱི་སྒོ་ནས་ལས་ཞུགས་བརྟན་པོ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ” ཞེས་སུ་བསྒྱུར་ན། གཅིག་ནས་མ་ཡིག་གི་ཚིག་ལ་ཇི་ལྟར་ཡོད་པ་བུ་ཡིག་ཏུ་དེ་ལྟར་ཚིག་སྒྱུར་བྱས་པའི་སྐྱོན་ཆ་ཐོན་པ་དང་། གཉིས་ནས་མ་ཡིག་གསར་འགྱུར་གྱི་ནང་དོན་དེ་བུ་ཡིག་གསར་འགྱུར་དུ་ཇི་བཞིན་གསལ་པོར་སྟོན་ཐུབ་མེད་པའི་ཞན་ཆ་གནས་པ། གསུམ་ནས་བུ་ཡིག་ཀློག་པ་པོའི་ལྟ་ཀློག་གི་གོམས་གཤིས་དང་མཐུན་མེད་པའི་སྐྱོན་བྱུང་བས། ང་ཚོས་རྩོམ་སྒྱུར་གྱི་ཐབས་ལ་བརྟེན་ནས་མ་ཡིག་གི་ཁ་བྱང་ལ་རྩོམ་སྒྲིག་འོས་འཚམ་བྱས་རྗེས་བུ་ཡིག་ཏུ་སྒྱུར་དགོས། དེའང་零散务工人员ཞེས་པ“ཉིན་གླ་སྒུག་མཁན”ཞེས་བསྒྱུར་ན། མ་ཡིག་གི་དོན་དང་ཡང་མི་འགལ་ལ་བོད་སྐད་ལའང་གོ་བདེ་བ་དང་། བུ་ཡིག་ཀློག་པ་པོའི་རིག་གནས་རྒྱབ་ལྗོངས་དང་ལྟ་ཀློག་གི་གོམས་གཤིས་དང་མཐུན་ཡོད། 推动*****实现稳定就业ཞེས་པ“ལས་ཞུགས་བརྟན་པོ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ”ཞེས་བསྒྱུར་ན། ཚིག་རོ་མང་བ་མ་ཟད་བུ་ཡིག་ཀློག་པ་པོས་གོ་དཀའ་བས“ལས་ཞུགས་བརྟན་པོ་ཐུབ་པར་བྱས་པ” ཡང་ན“ལས་ཀ་བརྟན་པོ་ཞིག་རག་པར་བྱས་པ”ཞེས་སུ་བསྒྱུར་ན་ཅུང་ལེགས་པར་སྙམ། དེས་ན་拉萨市推动零散务工人员实现稳定就业ཞེས་པ་བུ་ཡིག་ཏུ“ལྷ་ས་གྲོང་ཁྱེར་གྱིས་ཉིན་གླ་སྒུག་མཁན་ལ་ལས་ཀ་བརྟན་པོ་ཞིག་རག་པར་བྱས་པ”ཡང་ན“ལྷ་ས་གྲོང་ཁྱེར་གྱིས་ཉིན་གླ་སྒུག་མཁན་ལས་ཞུགས་བརྟན་པོ་ཐུབ་པར་བྱས་པ”ཞེས་བསྒྱུར་ན་བུ་ཡིག་ཀློག་པ་པོས་གོ་བདེ་བ་མ་ཡིན་ནམ།
རྩོམ་སྒྱུར་གྱི་སྒྱུར་ཐབས་ནི་སྤྱིར་བཏང་གི་ལོ་ཙཱ་དང་གཏན་ནས་མི་འདྲ་སྟེ། རྩོམ་སྒྱུར་ལ་སྐད་ཡིག་བརྗེ་སྤོར་བྱེད་དགོས་པ་མ་ཟད། ད་དུང་ཁ་བྱང་གི་ཆ་འཕྲིན་གདམ་གསེས་དང་། བསྐྱར་སྒྲིག བསྐྱར་མཚོན་བཅས་ཀྱང་བྱེད་དགོས། རྩོམ་སྒྱུར་ལ་ཁྱད་ཆོས་གཙོ་བོ་གསུམ་ཡོད་དེ། དང་པོ་རྩོམ་སྒྱུར་ནི་གདམ་གསེས་བྱེད་ཆོག་པའི་ཆ་འཕྲིན་བརྗེ་སྤོར་གྱི་བྱེད་སྒོ་ཞིག་ཡིན་པས། རྩོམ་སྒྱུར་མཁན་གྱིས་སྒྱུར་བྱེད་ཀློག་པ་པོའི་དགོས་མཁོར་གཞིགས་ནས་ཆེས་གལ་ཆེ་བའི་ཆ་འཕྲིན་འདེམས་ཆོག གཉིས་པ་རྩོམ་སྒྱུར་ཟིན་པའི་འགྱུར་མ་དེ་སྒྱུར་བྱེད་སྐད་ཆའི་བརྡ་སྤྲོད་ཀྱི་གོམས་གཤིས་ལ་བསྟུན་པ་ཞིག་ཡིན་དགོས། གསུམ་པ་རྩོམ་སྒྱུར་བྱེད་སྐབས་རིག་གནས་ཀྱི་ཁྱད་པར་ལ་མཐོང་ཆེན་བྱས་ནས་མ་ཡིག་ཁྲོད་ཀྱི་རིག་གནས་ཀྱི་དམིགས་བསལ་ནང་དོན་དེ་བུ་ཡིག་ཏུ་འགྱུར་ལྡོག་འོས་འཚམ་གཏོང་དགོས།
མདོར་ན། གསར་འགྱུར་གྱི་ཁ་བྱང་ནི་གསར་འགྱུར་གྱི་ནང་དོན་དངོས་ལས་བྱུང་བ་ཞིག་ཡིན་པས་གསར་འགོད་པས་རྩོམ་སྒྲིག་པ་དང་ཀློག་པ་པོའི་ཡིད་དབང་འགུགས་ཆེད་ནང་དོན་དང་མཐུན་པའི་ཁ་བྱང་ཡག་པོ་ཞིག་བྲིས་ཡོད་པས། གསར་འགྱུར་ལོ་ཙཱ་བས་ཀྱང་འགྱུར་ཡིག་གི་ཀློག་པ་པོའི་ལྟ་ཀློག་གི་དང་བ་འདྲེན་ཆེད་ཁ་བྱང་ཡག་པོ་སྒྱུར་དགོས།
གཉིས། གསར་འགྱུར་གྱི་ཡོང་ཁུངས་དང་དེའི་སྒྱུར་སྟངས།
འཕྲིན་གསར་རྩོམ་ཡིག་གི་འགོར། འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ་ཞེས་པ་དང་། ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ་ཞེས་པ་ལྟ་བུའི་བརྗོད་པ་ཞིག་ཡོད། འདི་ནི་འཕྲིན་གསར་རྩོམ་ཡིག་གི་ལུས་ཀྱི་གྲུབ་ཆ་བྱེ་བྲག་ཅིག་ཡིན་པ་མ་ཟད། གསར་འགྱུར་རྩོམ་ཡིག་ཁྲོད་ཀྱི་ཆེད་ལས་ཀྱི་ཐ་སྙད་ཅིག་ཀྱང་རེད། བརྗོད་པ་འདི་ལ་ནུས་པ་གཙོ་བོ་གཉིས་ཡོད་པ་སྟེ། གཅིག་ནས་ཆ་འཕྲིན་གྱི་འབྱུང་ཁུངས་བཏོན་ནས་ཀློག་པ་པོ་རྣམས་ལ་ཆ་འཕྲིན་དེ་ནི་འདི་ག་ཚགས་པར་ཁང་དང་འདི་ག་ཚགས་པར་ཁང་གི་གསར་འགོད་པའམ་ཡང་ན་འཕྲིན་སྐྱེལ་བས་བྲིས་པ་ཡིན་ནོ་ཞེས་གསལ་བཤད་བྱེད་པ་དང་། གཉིས་ནས་གསར་འགྱུར་རྩོམ་ཡིག་དེ་རིགས་ནི་གསར་འགྱུར་གྱི་རྩོམ་ལུས་མང་པོའི་ཁྲོད་ཀྱི་འཕྲིན་གསར་རྩོམ་ལུས་ཁོ་ན་ཡིན་ནོ་ཞེས་ཤུགས་སུ་གསལ་བར་བྱེད་ཀྱི་ཡོད། དཔེར་ན། 本报讯、本报电、新华社北京3月1日电(记者张三) ཞེས་པར་མཚོན་ན། “འདི་ག་ཚགས་པར་ཁང་གི་འཕྲིན་གསར”དང“འདི་ག་ཚགས་པར་ཁང་གི་གློག་འཕྲིན” “ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་གི་ཟླ་3ཚེས་1ཉིན་གྱི་འཕྲིན་གསར(གསར་འགོད་པ་ཀྲང་སན)”ཞེས་པར་ད་སྐབས་སྒྱུར་སྲོལ་མེད་པས། སྔ་མའི་སྒྱུར་སྲོལ་གཞིར་བཞག་ནས “འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ” “འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ”“ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ(གསར་འགོད་པ་ཀྲང་སན)”ཞེས་སྒྱུར་དགོས། སྒྱུར་སྟངས་དེའང་གཏན་ཆགས་སུ་སོང་བ་ཞིག་ཡིན་གཤིས། དོན་ལ་མ་གནོད་ཚེ་སྔར་གྱི་སྒྱུར་སྟངས་ལྟར་བསྒྱུར་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཏུ་མཐོང་།
དེ་མིན། རྒྱལ་སྤྱིའི་གསར་འགྱུར་རམ་འཕྲིན་གསར་དུ་本报阿比让电ལྟ་བུ་བྲིས་ཡོད། དེ་ཉིད་བུ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས། བུ་ཡིག་ཀློག་པ་པོས་阿比让ཞེས་པ་གྲོང་ཁྱེར་ག་གེ་མོ་ཞིག་གི་མིང་ཡིན་པར་ར་འཕྲོད་ཆེད། འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་པི་རང་ནས་གློག་འཕྲིན་འབྱོར་གསལ་ཞེས་ཨ་པི་རང་གི་མདུན་དུ“གྲོང་ཁྱེར”ཞེས་པའི་ཡིག་འབྲུ་གཉིས་བསྣན་ན། གསར་འགྱུར་ལྟ་ཀློག་སྐབས་བུ་ཡིག་ཀློག་པ་པོར་སྐབས་འཕྲལ་གྱི་སྟབས་བདེ་སྐྲུན་ཐུབ། ཡང་དཔེར་ན།新华社伊斯兰堡4月19日电ཞེས་པ་སྒྱུར་སྐབས། འགའ་ཤས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དབྱི་སི་ལན་པའོ་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ་ཞེས་སུ་བསྒྱུར་ནས། “ཤིན་ཧྭ་གསར་འགྱུར་ཁང”དང“གྲོང་ཁྱེར་དབྱི་སི་ལན་པའོ”དབར་གྱི་ལ་དོན་གྱི་ཕྲད“དུ”ཆེད་མངགས་དོར་མཁན་ཡང་འདུག་པས་དགོས་པ་རྒྱུ་མཚན་གང་ལ་གཟིགས་པ་ཆ་མི་འཚལ། ཁོ་བས་བསམས་ན། 本报阿比让电ལ་“འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཨ་པི་རང་ནས་གློག་འཕྲིན་འབྱོར་གསལ”ཞེས་ལ་དོན་གྱི་ཕྲད “དུ” ཡོད་ན། 新华社伊斯兰堡电ཞེས་པ་སྒྱུར་དུས། ལ་དོན་གྱི་ཕྲད“དུ” དམིགས་སུ་དོར་དགོས་དོན་མེད་དོ་སྙམ་ལ། ལ་དོན་གྱི་ཕྲད“དུ”མེད་ན་སྐྱོན་ལས་དགེ་མི་མཐོང་།
མདོར་ན། གསར་འགྱུར་གྱི་ཁ་བྱང་དང་། གསར་འགྱུར་གྱི་ཡོང་ཁུངས། གླེང་གཞི། དངོས་གཞི། རྒྱབ་ལྗོངས། མཇུག་བསྡུ་བཅས་ནང་དོན་དྲུག་གིས་འཕྲིན་གསར་རྩོམ་ཡིག་གི་ལུས་ཆ་ཚང་ཞིག་གྲུབ་ཅིང་། དེའི་བརྗོད་བྱར་ཡང་སྲིད་དཔལ་རིག་གསུམ་གྱིས་གཙོས་པའི་ནང་དོན་སྣ་ཚོགས་པ་ཞིག་ཡོད་པས། ལོ་ཙཱའི་ལག་ལེན་ཁྲོད་དུ་ལོ་ཙཱ་བས་དང་ཐོག་ལོ་ཙཱའི་དམིགས་ཡུལ་ཡིད་ལ་བརྟན་པོར་བཟུང་ནས། བསྒྱུར་བྱའི་ནང་དོན་ལ་སྒོ་ཀུན་ནས་རྒྱུས་མངའ་ལོན་པར་བྱེད་དགོས་པ་མ་ཟད། བུ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་བུ་ཡིག་ཀློག་པ་པོའི་ལྟ་ཀློག་གི་དང་བ་འདྲེན་ཐུབ་པ་དང་། གསར་འགྱུར་རམ་འཕྲིན་གསར་གྱི་ནང་དོན་དེ་ཉིད་བསྒྱུར་སྐྱོན་དབང་གིས་བུ་ཡིག་ཀློག་པ་པོར་གོ་དཀའ་བ་ཞིག་ཏུ་མི་འགྱུར་བར་ཅིས་ནས་ཀྱང་བྱེད་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ཡིག་རྩོམ་སྒྲིག་པུའི་ཟླ་བ་ཚེ་རིང་།