ནོར་རྡོ་རྩ་ཆེན།
གནའ་སྔ་མོར། དགོན་སྡེ་ཞིག་ལ་མི་སེར་འབྲོག་པ་དུད་ཚང་ཞིག་ཡོད། འབྲོག་དུད་དེས་ལོ་ལྟར་དགོན་སྡེར་འཆར་གཞི་ལྟར་མར་ཁྲལ་འཇལ་དགོས་ཀྱི་ཡོད་སྟབས། ཐེངས་ཤིག་འབྲོག་དུད་དེའི་སྦྱིན་བདག་གིས་མར་ལྟང་གི་ཁོག་ཏུ་རྡོ་རིལ་ཆེན་པོ་ཞིག་བཅུག་ནས་དགོན་པར་མར་ཁྲལ་འཇལ་དུ་ཕྱིན།
དགོན་པའི་དཀོན་གཉེར་གྱིས་མར་ལྟང་ཁ་ཕྱེ་སྟེ་ལྟ་སྐབས་རྡོ་དེ་ཐོན་པས། མར་ཁྲལ་འཇལ་མཁན་གྱིས་དེ་མ་ཉིད་དུ། ད་དཔེ་བསགས་སོང་། རྡོ་དེ་ངའི་ཁྱིམ་གྱི་ནོར་རྡོ་རྩ་ཆེན་དེ་རེད། དེ་སྔོན་ཁྱིམ་གྱི་སྒོ་ཐེམ་གྱི་ཕྱི་ལ་འཁྱེར་མ་མྱོང་། ད་རེས་མར་ལྟང་དང་ནོར་ནས་འཁྱེར་འདུག་པས། ནོར་རྡོ་དེ་ཚུར་ལ་སྤྲོད་རོགས། མར་ཁྲལ་ག་ཚོད་ཆད་ཀྱང་ལམ་སེང་འབུལ་གྱི་ཡིན་ཞེས་ཞུ་བ་ནན་གྱིས་ཕུལ་བས། དཀོན་གཉེར་གྱིས། ད་ནས་བཟུང་ཁྱོད་ཀྱིས་མར་ཁྲལ་འཇལ་མི་དགོས། འོན་ཀྱང་། ནོར་རྡོ་དེ་ངེས་པར་དུ་དགོན་པར་འབུལ་དགོས་ཞེས་ཟེར་ནས་རང་གི་གྲྭ་ཤག་ཏུ་ལོག དེ་ནས་བཟུང་འབྲོག་པ་དུད་ཚང་དེས་དགོན་པར་མར་ཁྲལ་འཇལ་དགོས་མ་བྱུང་བར་གྲགས།