འཕྲིན་ཡིག་མུན་སེལ་སྒྲོན་མེ།
བཀུར་འོས་པའི་ཨ་བརྟན་ལགས།
ལྷག་བསམ་གཙང་མའི་ཁམས་བདེ་ཞུ་ལགས།
ང་ནི་དགའ་ཕྱོགས་དང་ཕུགས་འདུན་དོར་ཏེ་ཁྱིམ་ལས་ཙག་ཙིག་ལ་མགོ་འཁོར་ནས་མི་ལོ་བཞི་བཅུ་ལྷག་ཙམ་སོང་བའི་བུད་མེད་ཕལ་པ་ཞིག་ཡིན། ཉེ་ཆར། ངས་སྐད་འཕྲིན་གྱི་སྤྱི་སྟེགས་ཤིག་ནས་བྱིས་པའི་སློབ་གསོའི་སྐོར་གྱི་ཁྱེད་ཀྱི་འཆད་ཁྲིད་ཅིག་ལ་ཉན་མྱོང་། འཆད་ཁྲིད་དེ་ཉན་རྗེས་ང་ལ་སྨྲ་མི་ཤེས་པའི་ཚོར་འདུ་ཞིག་དང་། བརྗོད་མི་ཤེས་པའི་སེམས་ཁྲལ་ཞིག་གིས་ཁེངས་སོང་། དེ་ནི་ང་ལ་མཚོན་ན་ཅོང་བརྡ་ཞིག་དང་། ཁ་ཕྱོགས་ཤིག མདུན་སྐྱོད་ཅིག་ཅི་ལ་མིན། རྒན་ལགས། དེ་རིང་ངས་རྒྱུན་གཏན་འཚོ་བའི་ཁྲོད་བྱིས་པར་སློབ་གསོ་གཏོང་སྟངས་ཕྱོགས་ནས་འཕྲད་པའི་གནད་དོན་དག་འཕྲིན་ཡིག་འདི་བརྒྱུད་ནས་ཉིད་ལ་ཞུ་འདོད་ལགས། ང་ནི་ཕར་སོང་གི་མནའ་མ་ཡིན། བློ་ལྡན་གྱི་ཨ་མ་ཡིན།
སྦྱོང་ཚན་འབྲི་རྒྱུ་ནི་བྱིས་པའི་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་མེད་དུ་མི་རུང་བའི་ལས་ཀ་གལ་ཆེན་ཞིག་ཡིན་སྟབས། བློ་ལྡན་གྱིས་སྦྱོང་ཚན་འབྲི་དུས་ངས་རང་ནུས་ཅི་ལྕོགས་ཀྱིས་ཁོ་ལ་ནན་ཏན་བྱེད་དུ་འཇུག་གི་ཡོད་མོད། སྒྱུག་པོ་སྒྱུག་མོ་གཉིས་ཀྱིས་སྐབས་རེར“ད་ཆོག་གི ད་ཆོག་གི སྦྱོང་ཚན་བྲིས་ནས་ཅི་བྱེད། བྱིས་པ་ཆུང་དྲག་པས། མ་ཤེས་ནའང་སྐྱོན་མེད”ཅེས་ཟེར་ཞོར་བློ་ལྡན་ཁྲིད་འགྲོ།
ཡང་ངས་བློ་ལྡན་ལ་འཚམ་པའི་དཔེ་དེབ་རེ་ཉོས་ནས་ཁོ་ལ་བལྟ་རུ་འཇུག་དུས། སྒྱུག་མོས་སློབ་སྦྱོང་བྱས་ནས་ཅི་བྱེད་ཅེས་ཟེར་ནས་བློ་ལྡན་ལ་འདིར་ཤོག་ཕ་གིར་རྒྱུགས་ཞེས་ཟེར་ནས་དཔེ་ཀློག་དེ་གལ་ཆེའི་བྱ་བ་ཞིག་ཏུ་མི་བརྩི།
བློ་ལྡན་ནི་ཞོགས་ཟས་ཟ་བར་མི་དགའ་བ་དང་། ཁ་ལག་ཀྱང་དུས་ཐོག་ཏུ་བཟའ་བར་ཅུང་མི་དགའ་བས། ངས་སློབ་གསོ་བཏང་། བཙན་པོ་བྱས། གཅར་རྡུང་སོགས་ཐབས་ལམ་མང་པོ་བཀོལ་ནས་ཟ་རུ་བཅུག་རུང་། ང་གཅིག་པུ་ཡིན་དུས་ཟ་མོད། སྒྱུག་པོ་དང་སྒྱུག་མོ་གཉིས་ཡོད་དུས་ལྐོག་ནས་ཞོར་ཟས་དང་བཏུང་བྱ་སྟེར་བཞིན་ཡོད་པས། ཁ་ལག་བཟའ་རྒྱུ་ལྟ་ཅི། ཐ་ན་ངའི་གམ་དུ་ཡང་ཡོང་མི་འདོད་པར་གྱུར་འདུག
ང་ནི་གཞན་གྱི་མི་ཡིན། བློ་ལྡན་གྱི་ཨ་མ་ཡིན།
ངས་ཁྱེད་ཀྱི་འཆད་ཁྲིད་དེར་ཉན་རྗེས། རང་གི་བཟའ་ཟླ་དགེ་ལེགས་ལ་བྱིས་པའི་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་ཁོ་ན་མ་ཡིན་པར་ཁྱིམ་གྱི་སློབ་གསོ་དང་ཡང་འབྲེལ་བ་ངེས་ཅན་ཡོད་ཅེས་བཤད་དེ། ངེད་བཟའ་ཟླ་གཉིས་ཀྱིས་ཕན་ཚུན་རམ་འདེགས་ཀྱིས་བློ་ལྡན་ལ་སློབ་གསོ་གཏོང་ཟེར་དུས། དགེ་ལེགས་ཀྱིས། “ང་སློབ་གྲྭའི་སྒོ་ཐེམ་ཙམ་ཡང་འགྲིམ་མྱོང་མེད་པ་ཞིག་གིས་སློབ་གསོ་ཟེར་བ་ཅི་ཞིག་ཡིན་པ་མི་ཤེས། དེ་བས་ཡོད་ཚད་ཁྱོད་ཀྱིས་བྱོས་དང”ཞེས་ཟེར།
བློ་ལྡན་ནི་བྱིས་པ་པྲ་ཆལ་ཞིག་ཡིན་པས། ནམ་རྒྱུན་ཕར་རྒྱུག་ཚུར་རྒྱུག་དང་གཏོར་བརླག་གང་ཐུབ་བྱེད་པ་ལ་སྐབས་དེར་དགེ་ལེགས་ཀྱིས། “ཤོག འདིར་ཤོག ཁ་རོག་གེར་ཁ་པར་ལ་ལྟོས་ནས་སྡོད”ཅེས་ཟེར་ནས་ཁ་པར་ལག་ཏུ་འཇོག་པར་བྱེད། ངས་ཁ་པར་གྱིས་མིག་དང་ལུས་སེམས་ལ་གནོད་པ་ཡོད་ཅེས་བཤད་ན། ཁོས་ང་ལ་ཁ་ཡ་མི་བྱེད་པར་བློ་ལྡན་ཁྲིད་ནས་བུད་འགྲོ འདི་ལྟར་ལོ་ཟླ་རིམ་གྱིས་འདས་དུས་ང་ནི་སེམས་ལ་བྲེལ་འཚུབ་དང་རླུང་ལངས་རུང་ཅི་བྱ་གཏོལ་མེད་དུ་གྱུར་པས། ད་ནི་ཁྱེད་ཀྱི་ང་ལ་ལམ་སྟོན་ཞིག་གནང་རོགས་ཞུ།
ཟླ་སྒྲོན་ནས་གུས་པས་ཕུལ།
སྙིང་ཉེ་བའི་ཟླ་སྒྲོན་ལགས།
འཕྲིན་ལན་གང་མགྱོགས་སྐུར་མ་ཐུབ་པས་དགོངས་དག་ཞུ། ཁྱོད་ནི་འགན་འཁུར་ཡོད་པའི་ཨ་མ་ཞིག་ཡིན་པ་ཚིག་དང་ཟུར་རེ་རེ་ནས་རྟོགས་འོང་། ངས་ཁྱོད་ཀྱི་དྲི་བ་དག་ལ་ཁ་ཚོན་ཆོད་པའི་སྒོ་ནས་འདི་ལྟར་བྱོས་ཟེར་བའི་ལན་ཡག་པོ་ཞིག་འདེབས་དཀའ་ན་ཡང་། རང་གི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་མཐོང་ཐོས་མྱོང་གསུམ་དང་། ཁྱོད་ཀྱི་དྲི་བ་དག་ལ་དམིགས་ཏེ་བལྟས་པའི་དེབ་འགའི་ནང་དོན་དང་སྦྲགས་ནས་ཁྱོད་ལ་འཕྲིན་ལན་གྱི་ཚུལ་དུ་བསམ་ཚུལ་འགའ་རེ་གླེང་བར་འདོད། ངས་བལྟས་ན་སློབ་གསོ་ཟེར་བ་ནི་རྒྱུན་དུ་ཁ་ནས་གླེང་བ་ལས། འཁྲིས་སུ་ཡོད་པའི་མི་དག་ནས་འགོ་བརྩམས་ཏེ་ལག་ལེན་དུ་འཁྱོལ་བ་བྱེད་རྒྱུ་དེ་འགངས་ཆེ་བར་འདོད།
བུར་གཅེས་ཀྱང་གཅེས་ལངས་མ་གཏོང་། གཅེས་འདོད་ཀྱང་གཅེས་སྲོལ་ཤེས་དགོས།
བྱིས་པ་ཞིག་ལ་མཚོན་ན་བདེ་ཐང་གི་རྨང་གཞིའི་ཐོག་དཔེ་ཀློག་ལས་གལ་ཆེ་བ་ཞིག་མེད་པས། ཁྱོད་ཀྱིས་དེའི་ཐད་ལ་ཤུགས་རྒྱག་དགོས། ང་ཚོར་མངལ་སྦྲུམ་སློབ་གསོ་ཕར་ཞོག ཐ་ན་ནམ་རྒྱུན་རང་ཁྱིམ་དུ་དཔེ་དེབ་ཀློག་མཁན་ཡང་ཤིན་ཏུ་དཀོན་པས། བྱིས་པའི་སེམས་ངོར་དཔེ་ཀློག་ནི་སློབ་གྲྭའི་ལས་ཀ་རེད་བསམ་ནས་ཁྱིམ་དུ་ལོག་རྗེས་དཔེ་དེབ་ལྟ་ཀློག་མི་བྱེད་པ་དེར་ཡང་བསམ་ཤེས་བྱེད་ཐུབ། ང་ཚོར་ཕྱིའི་ཁོར་ཡུག་དང་མི་སེམས་ལ་འགྱུར་བ་གཏོང་བའི་ནུས་པ་མེད་ཀྱང་རང་ཉིད་ལ་སྒྱུར་བཅོས་གཏོང་བའི་སྤོབས་པ་ཡོད་དགོས། དེ་བས་ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་དཔེ་དེབ་ལྟ་ཀློག་བྱེད་དགོས། དེ་མིན་དགོང་མོ་ཉལ་ཁར་བྱིས་པ་ལ་བྱིས་སྒྲུང་རེ་དང་ཡང་ན་དཔེ་དེབ་ཀྱི་སྐོར་ནས་ཁ་བརྡ་རེ་གློད་པ། དུས་ཚོད་ཡོད་དུས་བྱིས་པ་ཁྲིད་ནས་དཔེ་ཀློག་དང་འབྲེལ་བའི་གློག་བརྙན་ལ་བལྟ་བ་དང་། ཡང་ན། གཟའ་མཇུག་ཏུ་བྱིས་པ་ཁྲིད་ནས་དཔེ་ཁང་དུ་འགྲོ་བ་སོགས་བྱས་ན། བྱིས་པའི་དཔེ་ཀློག་གི་འདུན་པ་བསྐྱེད་པར་ཕན་པ་ཆེན་པོ་ཡོད་པར་འདོད།
སྦྱོང་ཚན་འབྲི་དུས་ཀྱི་སྐར་ཆ་འགའ་ཤས་དེའི་རིང་བྱིས་པར་བློ་རྩེ་གཅིག་ཏུ་སྒྲིམ་དུ་བཅུག་ན་རྗེས་མ་བྱ་བ་གང་སྒྲུབ་རུང་བློ་རྩེ་གཅིག་ཏུ་གནས་པར་ཕན་པ་ཡོད་པས། རྗེས་མར་བྱིས་པས་སྦྱོང་ཚན་འབྲི་དུས་རང་ཉིད་གམ་དུ་སྡོད་པའམ། ཡང་ན། གཞན་གྱི་བར་ཆད་མེད་སའི་གནས་ཤིག་ཏུ་སྦྱོང་ཚན་འབྲི་རུ་འཇུག་རྒྱུ་གལ་ཆེ་བར་འདོད། ད་དུང་། ཁ་པར་ལ་བལྟས་ནས་སྡོད་ཟེར་བ་ལྟ་བུ་ནི་བྱིས་པ་རང་དགར་བསྐྱུར་ནས་ཁ་ཡ་མ་བྱེད་མི་འདོད་པའི་རྟགས་རེད། ངས་བསམ་ན་ལས་ཀ་ལ་ལ་དངོས་གནས་བྱིས་པ་དང་མཉམ་དུ་སྒྲུབ་ཆོག་ཆོག་རེད། བྱིས་པ་ལོ་ན་ཆུང་རུང་རང་རང་གི་བསམ་བློ་ཡོད་པས། ཕ་ནི་བློ་འདྲི་ས་དང་གྲོས་བསྡུར་བྱེད་ས་ཞིག་ལ་ངོས་བཟུང་ནས་བྱིས་པ་དང་མཉམ་དུ་ལས་ཀར་འབད་ན། བྱིས་པའི་འཚར་ལོངས་དང་། མཐུན་སྒྲིལ་དང་མཉམ་ལས། ཕ་མའི་དཀའ་སྡུག་སོགས་ངང་ངམ་ཤུགས་ཀྱིས་རྟོགས་པར་ཕན་པ་ཡོད།
དྲི་བ་ནི་བྱིས་པའི་བསམ་གཞིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན།
ཕ་མ་མང་ཆེ་བས་བྱིས་པའི་བསམ་ཚུལ་དང་བསམ་འཆར་ལ་མི་ཉན་པར། འདི་བྱས་ན་མི་འགྲིག ཕ་གི་བྱས་ན་མི་འགྲིག་ཟེར་བ་སོགས་བཙན་ཤེད་དང་སྐད་ཆ་རྫོགས་རྒྱུ་མེད་པ་བཤད་ནས། བྱིས་པའི་བསམ་སྦྱོར་གཉིས་ལ་བཀག་འགོག་དང་ཚོད་འཛིན་བཟོ་བཞིན་ཡོད། དེ་ནི་བྱིས་པ་བདེ་ཐང་ངང་འཚར་ལོངས་དང་། བྱིས་པ་སྤོབས་པ་ལྡན་པ་ཞིག་དང་གསར་གཏོད་ཕོད་པ་སོགས་ལ་ཧ་ཅང་གནོད་པས། དེའི་རིགས་ལ་འཛེམ་རྒྱུ་ཧ་ཅང་གལ་ཆེ། བྱིས་པ་ཅུང་ཙམ་ནར་སོན་རྗེས་རང་བྱུང་ཁམས་ཀྱི་ཡོད་ཚད་ལ་མཚར་སྣང་གིས་ཁེངས་ནས་ཡོད་པས། ཕ་མ་སོགས་ལ་དྲི་བ་མང་པོ་འདྲི་སྲིད། སྐབས་དེར་ཕ་མ་ལ་ལས་མི་ཤེས་དང་། ཡང་ན། ཕར་རྒྱུགས། འདྲི་རྒྱུ་མ་མང་ཞེས་བཤད་ནས་དེ་ཙམ་སྣང་བ་གཏོང་གི་མེད། རེད་དེ། དེ་ནི་བྱིས་པའི་གསར་གཏོད་ཀྱི་ནུས་པ་དང་བསམ་བློ་གཏོང་ཕྱོགས་དང་དགའ་ཕྱོགས་སོགས་དང་འབྲེལ་ནས་ཡོད་པས། བལྟས་བལྟས་རིག་རིག་ལ་གསར་སྐྱེས་ཀྱི་མྱུ་གུ་ཞིག་སད་ཀྱིས་བཅོམ་པ་དང་ཨ་ན་མ་ན་རེད། དེ་བས། ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་ལམ་ཉམས་མྱོང་དང་སྦྱར་ནས་ལན་སྟབས་བདེ་རེ་འདེབས་པའམ། ཡང་ན། དེའི་ཕྱོགས་ནས་བྱིས་པར་ཁ་ཕྱོགས་རེ་སྟོན་པ་སོགས་གང་ལྟར་ཀྱང་བྱིས་པས་བཏོན་པའི་དྲི་བར་ཕ་མ་ཚོས་དོ་དོ་ནན་ནན་གྱི་རྣམ་འགྱུར་སྟོན་ཅི་ཐུབ་བྱེད་དགོས།
བུར་གཅེས་ཀྱང་དུག་གིས་མ་གསོ། རྒྱུ་ཡོད་ཀྱང་ཞོར་ཟས་མ་སྟེར།
ཞོར་ཟས་ཟ་བར་དགའ་བ་ནི་བྱིས་པའི་རང་གཤིས་རེད། ཞོར་ཟས་གཏན་ནས་ཟ་རུ་མི་འཇུག་ཟེར་ན་ཅུང་ཁག་པོ་རེད། ཡིན་ནའང་། ང་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་བྱིས་པ་ཟ་བར་དགའ་བའི་ཟས་རིགས་གང་དང་གང་ཡིན་པ་ཕྱོགས་བསྡུས་ཀྱིས་དེ་དང་འབྲེལ་བའི་ཟ་འཐུང་བསྐོལ་ཏེ་སྡེར་མ་ཆུང་ཆུང་ཡག་པོ་རེའི་ནང་བཞག་ནས་ཟ་རུ་བཅུག་ན་ཅུང་ཕན་པ་ཡོད་སྙམ།
ད་རེས་ཀྱི་འཕྲིན་ཡིག་འདི་འབྲི་མཚམས་འདི་ནས་འཇོག ཉིད་ལ་ཕྲད་པའི་དཀའ་ངལ་གང་ཡོད་མུ་མཐུད་དེ་འཕྲིན་ཡིག་བརྒྱུད་ནས་སྐུར་དང་། ངས་མི་ཤེས་པ་དག་དཔེ་དེབ་དང་ཡང་ན་རྒན་དམ་པ་རྣམས་ལ་བཀའ་འདྲི་ཞུས་རྗེས། ཁྱོད་ལ་ལན་སྤྲོད་ངེས་ཡིན། སླར་མཇལ། ཚེ་རིང་།