ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ཞིང་ཐང་དུ་བརྟག་དཔྱད་དངོས་སུ་བྱེད་འགོ་ཚུགས་པ།
རིག་དངོས་གནས་ཡུལ(ཁུངས་སྣེ)12གསར་དུ་རྙེད་པ་དང་། གནས་ཡུལ་6ཐོ་འགོད་བྱ་རྒྱུའི་གཏན་འཁེལ་བྱས་པ།
ཟླ་6ཚེས་25ནས་27ཉིན་བར། ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རུ་ཁག་གི་རུ་མི་12རླངས་འཁོར་ལ་བསྡད་དེ་མཚོ་གཉིས་རྫོང་དུ་བསྐྱོད་དེ་ས་ཡུལ་དངོས་ཀྱི་ཞིང་ཐང་དུ་བརྟག་དཔྱད་བྱས་པ་དང་། དེ་ཐོག་ནས་ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ཞིང་ཐང་དུ་བརྟག་དཔྱད་དངོས་སུ་འགོ་ཚུགས་པ་མཚོན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཡོངས་བཤེར་རུ་ཁག་གིས་གཏན་འཁེལ་བྱས་པའི་མཚོ་གཉིས་རྫོང་ས་ཁོངས་ཀྱི“ཡོངས་བཤེར་བཞིའི”ས་ཡུལ་དངོས་ཀྱི་རི་ཐང་བརྟག་དཔྱད་འཆར་གཞི་གཞིར་བཟུང་། དུས་འགོའི་ཁུངས་སྣེ་འཚོལ་བསྡུར་གཞིགས་ནས། ཡོངས་བཤེར་རུ་ཁག་སྔ་རྗེས་སུ་བར་གླིང་ཤང་དང་སྟོད་མ་ཤང་གི་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ་ཞིང་ཐང་དུ་བརྟག་དཔྱད་ལས་དོན་སྤེལ་བ་རེད། ད་ཐེངས་ཞིང་ཐང་བརྟག་དཔྱད་བྱེད་སྐབས་ཡོངས་བཤེར་བྱེད་དགོས་རིགས་ཚང་མ་ཡོངས་བཤེར་དང་། སྲུང་སྐྱོང་བྱེད་དགོས་རིགས་ཚང་མ་སྲུང་སྐྱོང་། གནས་གཅིག་ཀྱང་མི་ལུས་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་ཁྱོན་13ལ་བརྟག་དཔྱད་བྱས་པ་དང་། དེའི་ནང་བསྐྱར་ཞིབ་རིག་དངོས་གནས་ཡུལ་1དང་། གསར་དུ་རྙེད་པའི་རིག་དངོས་གནས་ཡུལ(ཁུངས་སྣེ)12ཡོད། གནས་ཡུལ་རིག་དངོས་ཀྱི་རིན་ཐང་ཁྱད་ཆོས་དང་ལོ་རབས་སོགས་ལ་དབྱེ་ཞིབ་དང་བརྟག་དཔྱད་ནན་ཏན་བྱས་པ་བརྒྱུད། ཤང་གཉིས་ཀྱི་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་ཁྱོན་6འཚོལ་ཞིབ་ཐོ་འགོད་དང་ནང་འཇུག་བྱེད་རྒྱུའི་གཏན་འཁེལ་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པས་བོད་བྱང་ཐང་གི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། གནམ་གཤིས་ཆ་རྐྱེན་གྱི་ཚོད་འཛིན། དེ་བཞིན་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་མང་བ་དང་། ཁྱབ་རྒྱ་ཆེ་བ། ལམ་ཐག་རིང་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཐག་རིང་ནས་ཐག་ཉེ་བའི་བར་དང་། དཀའ་གནད་ཆེ་བ་ནས་སླ་བའི་བར་གྱི་རྩ་དོན་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་བར་ཐག་རིང་ཤོས་དང་། ས་བབ་མཐོ་ཤོས། ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་མཚོ་གཉིས་རྫོང་ནས་ཐོག་མར“ཡོངས་ཁྱབ་བཞིའི”ས་ཡུལ་དངོས་ཀྱི་ཞིང་ཐང་བརྟག་དཔྱད་ལས་དོན་སྤེལ་འགོ་ཚུགས་པ་རེད།