ང་ཡི་ཕ་ཡུལ།
སྐལ་བཟང་ཡར་འཕེལ།
ང་ཡི་ཕ་ཡུལ་ནི་མཛེས་སྡུག་ལྡན་པ་ཞིག་ཡོད། དགུན་ཁར་ཁ་བ་བབས་པའི་རྐྱེན་གྱིས་གངས་རིའི་ཚོགས་ནི་ཤེལ་གྱི་མཆོད་རྟེན་དང་འདྲ། དེ་བཞིན་གྲང་ངར་ཧ་ཅང་ཆེ་བས་ཆུ་བོ་དག་ཤིན་ཏུ་མཐུག་པའི་དར་གྱིས་གཡོགས་ནས་མི་ཟོག་རྣམས་དེའི་ཐོག་ཏུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། དཔྱིད་ཀ་སླེབས་པ་ན། ཁུ་བྱུག་གི་གསུང་སྐད་རི་གསུམ་རྩེ་ནས་གྲགས་པས། མི་རྣམས་ཀྱི་སེམས་པ་དགའ་ལྷང་ལྷང་དུ་གྱུར།
དབྱར་དུས་ཀྱི་ཕ་ཡུལ་ནི་དུས་བཞིའི་ཁྲོད་ནས་ཆེས་མཛེས་ཤོས་དེ་ཡིན་ཞིང་། རྩྭ་དང་རྩི་ཤིང་ཚང་མ་སྔོ་ལྗང་དུ་གྱུར་ནས་གཡུ་ཡི་མེ་ལོང་ཞིག་དང་འདྲ། ད་དུང་། རྩྭ་ཐང་དུ་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ཏེ་བག་ཕེབས་ངང་ཞིམ་མངར་རྩྭ་ཆུར་རོལ་བཞིན་ཡོད། དེ་བཞིན། མེ་ཏོག་སྣ་ཚོགས་ཀྱི་འདབ་བརྒྱ་ལྷུག་པོར་གྲོལ་ནས་དྲི་བསུང་ཕྱོགས་གང་སར་འཐུལ་བས། མི་རྣམས་ཀྱིས་དབྱར་ཁ་ཤར་བར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
ཕ་ཡུལ་གྱི་སྟོན་དུས་ནི་བྲེལ་འཚུབ་ཤིན་ཏུ་ཆེ་ཞིང་མི་རྣམས་བཙས་མ་རྔ་བར་བྲེལ་བཞིན་ཡོད་སྟབས། ཕ་ཡུལ་གྱི་མཛེས་པ་ལ་དེ་ཙམ་དོ་སྣང་མི་བྱེད།
ཕ་ཡུལ་གྱི་པང་ཁར་གནམ་མཚོ་ཕྱུག་མོ་ལྟ་བུའི་མཚོ་ཞིག་ཡོད་ལ། དེ་ནི་ནམ་མཁའ་སྔོན་པོ་ཐང་ལ་ཟགས་པ་དང་འདྲ་བར་སྔོ་ཐིང་ངེར་གནས། དེས་མི་རྣམས་ལ་བརྗེད་པར་དཀའ་བའི་ཚོར་སྣང་ཞིག་སྦྱིན་ཞིང་། ཡུལ་མི་ཀུན་གྱིས་ཕ་ཡུལ་གྱི་མཛེས་པ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།