དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དྲིན་ཆེན་ཨ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕུན་ཚོགས་ཆོས་འཛོམས།   |     སྤེལ་དུས།  2024-06-30

    ཨ་མ་ནི་བུ་ཕྲུག་གི་ངོས་ནས་བཤད་ན་བཀའ་དྲིན་ཆེ་ཤོས་ཡིན་པ་མ་ཟད། ངའི་སེམས་ནང་དུས་ནམ་ཡང་མཛེས་ཤོས་དང་རླབས་ཆེ་ཤོས་དེ་ཡིན།

    ངའི་ཨ་མ་ལགས་ཀྱི་སྐུ་གཟུགས་ནི་ཙ་རིའི་སྨྱུག་མ་བཞིན་དྲང་ཞིང་། བཞིན་རས་ནི་ཁྲ་སྒོར་སྒོར་ཞིག་ཡོད་པ་དང་། དབུ་སྐྲ་ནི་རྒྱ་ལྕང་གི་ལོ་མ་ཐུར་དུ་དཔྱངས་པ་དང་འདྲ།

    ཉིན་ཞིག ངས་ཨ་མ་ལགས་ན་བ་མ་ཤེས་སྟབས། ངས་ཨ་མ་ལགས་ལ་ངའི་སྐེ་དར་དམར་པོ་འདི་ཁྲུས་རོགས་ཞེས་ཞུས་པ་ཡིན། སྐབས་དེར་ཁྱིམ་དུ་ཆུ་ཚ་པོ་མེད་པས། ཨ་མ་ལགས་ཀྱིས་སྡུག་རུས་ཆེན་པོས་ཆུ་གྲང་མོར་ངའི་སྐེ་དར་བཀྲུ་དགོས་བྱུང་། གློ་བུར་དུ། ཨ་མ་དྲན་པ་འཐོར་ནས་འགྱེལ་སོང་། ང་དངངས་འཚབ་ལངས་ཏེ་དེ་མུར་ཨ་ཕར་ཁ་པར་བརྒྱབ་ནས་གནས་ཚུལ་ཞིབ་པར་བཤད། ཨ་ཕ་སླེབས་རྗེས་ཨ་མ་སྨན་ཁང་དུ་བསྐྱལ་སོང་། ང་རང་བློ་མ་བདེ་བས་ཁོང་གཉིས་དང་མཉམ་དུ་སྨན་ཁང་དུ་ཕྱིན་པ་ཡིན། ཨ་མ་དྲན་པ་སོས་རྗེས་བུ་མོའི་སྐེ་དར་བཀྲུས་ཚར་མེད་ཅེས་ཟེར་བཞིན་ནད་ཁྲིའི་ཐོག་ནས་ཡར་ལངས་བྱུང་། སྨན་པས་ནད་ངོ་བརྟག་རྗེས་ཨ་མ་མ་གཞི་ནས་གཟུགས་པོ་དེ་ཙམ་ཐང་པོ་མེད་པའི་ཁར། ཆུ་གྲང་མོར་འཇུས་ཏེ་ནད་གཞི་རྙིང་པ་ལངས་ནས་དྲན་པ་འཐོར་བ་རེད་ཅེས་བཤད། ངས་སྐད་ཆ་དེ་དག་ཐོས་མ་ཐག་འགྱོད་སེམས་ཆེན་པ་སྐྱེས་ནས་མིག་ཆུ་ཡང་དབང་མེད་དུ་ཤོར།

    དུས་དེ་ནས་བཟུང་། ཨ་མས་བདག་ལ་བཅངས་པའི་བརྩེ་སེམས་ནི་ཨ་མ་རང་གི་སྲོག་ལས་གལ་ཆེ་བ་བདག་གིས་ཤེས་བྱུང་། ཨ་མ་ལགས། བུ་མོ་ངས་ཤེས་བྱ་ཡོན་ཏན་གྱི་གནས་ལ་འབད་བརྩོན་ལྷོད་མེད་བྱས་ཏེ། ཕྱིས་འབྱུང་ཁྱེད་ཀྱི་བཀའ་དྲིན་འཇལ་ཐུབ་པའི་དམ་བཅའ་འཇོག་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།